[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • སྒྱུ་རྩལ་གསར་རྩོམ་ཞིང་ས་གཤིན་མོ་རུ། སྙན་འཇེབས་འགྱུར་ཁུག་གཞས་གདངས་རྩོམ་ལ་མཁས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བཀྲ་ཤིས་ཚེ་དབང་།    |    སྤེལ་དུས།   2018-09-22

    luyj88130_b.jpg

    ཕོ་ལོ་60ལ་སླེབས་པའི་བཀྲ་ཤིས་ཚེ་དབང་གིས་དྲོད་འཇམ་གྱི་ཉི་མ་སྲོ་བཞིན་དུ་སྐྱིད་སྡུག་འདྲེས་མའི་རོལ་དབྱངས་གསར་རྩོམ་གྱི་མི་ཚེའི་མྱོང་བ་ལྷུག་པོར་གླེང་། གཞས་གདངས་གསར་རྩོམ་གྱི་ལས་ལ་ཞུགས་ནས་ལོ་30ལྷག་ཙམ་སོང་རིང་། ཁོང་གི་རོལ་དབྱངས་བརྩམས་ཆོས་ལ་འཛམ་གླིང་ཐོག་གཡུར་དུ་ཟ་བའི་གྲུབ་འབྲས་མང་པོ་ཐོབ་པ་དང་རྒྱལ་ཁབ་རིམ་པའི་རོལ་དབྱངས་ཀྱི་བྱ་དགའ་མང་པོ་ཐོབ་ཡོད། 1998ལོར་ཁོང་གི་བརྩམས་ཆོས《མེས་རྒྱལ་གྱི་བོད་ལྗོངས》ལ་སྐབས་བརྒྱད་པའི་ཝུན་ཧྭ་བྱ་དགའི་ལེ་ཚན་གསར་པའི་བྱ་དགའ་ཐོབ་ཡོད།

    ཁོང་གི་རོལ་དབྱངས་བརྩམས་ཆོས《གླུ་ལེན་གར་འཁྲབ》2012ལོར་སྐབས་བཅུ་དྲུག་པའི་རྒྱལ་ཡོངས་མཉམ་སྒྲོག་རོལ་དབྱངས་ཀྱི་བརྩམས་ཆོས་འགྲན་བསྡུར་ཆེ་མོར་ཞུགས་སྐབས་བརྩམས་ཆོས་ཐུང་གྲས་ཀྱི་བྱ་དགའ་ཨང་དང་པོ་ཐོབ་ཡོད།

    ལོ་མང་རིང་ཁོང་གིས་བརྩམས་པའི་རོལ་དབྱངས་མང་པོ་ཞིག་སྙན་འཇེབས་ལྡན་པའི་འགྱུར་ཁུག་ཐོག་ནས་བླངས་ཡོད་པས་གསན་པ་པོ་མང་པོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    བཀྲ་ཤིས་ཚེ་དབང་། བོད་རིགས། 1957ལོར་གཞིས་རྩེར་སྐྱེས། 1972ལོར་ལས་ཀར་ཞུགས། 1980ལོ་ནས་1983ལོ་བར་རོལ་དབྱངས་རུ་ཁག་གི་བཀོད་འདོམས་པ་དང་གཞས་གདངས་རྩོམ་མཁན་གཅིག་ལྕོགས་བྱས། 1983ལོར་ཀྲུང་དབྱང་མི་རིགས་སློབ་གླིང(ད་ལྟའི་ཀྲུང་དབྱང་མི་རིགས་སློབ་ཆེན)གི་རོལ་དབྱངས་དང་ཞབས་བྲོ་ཚན་ཁག་ཏུ་གཞས་གདངས་རྩོམ་རྩལ་གཞུང་ལུགས་ཀྱི་ཆེད་ལས་སྦྱངས། 1987ལོར་སློབ་གྲྭ་ཐོན་ནས་བོད་ལྗོངས་གླུ་གར་ཚོགས་པའི་གསར་གཏོད་ཞིབ་འཇུག་ཁང་དུ་རོལ་དབྱངས་གསར་རྩོམ་གྱི་ལས་ལ་གཞོལ། ད་ཆ་བོད་ལྗོངས་གླུ་གར་ཚོགས་པའི་གསར་གཏོད་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཞས་གདངས་རྩོམ་མཁན་དང་། བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ་བ། ཀྲུང་གོ་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་མི། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན། བོད་ལྗོངས་རོལ་དབྱངས་མཁས་ཅན་མཐུན་ཚོགས་ཀྱི་ལས་འཛིན་བཅས་རེད།

    གཞས་གདངས་གསར་རྩོམ་གྱི་ལས་ལ་གཞོལ་འགོ་ཚུགས་པ་ནས་ད་བར། བཀྲ་ཤིས་ཚེ་དབང་གིས་ཞབས་བྲོའི་རོལ་དབྱངས་100ཙམ་དང་། རོལ་དབྱངས་བརྩམས་ཆོས་ཁག་100ལྷག་ཙམ། མི་རིགས་ཀྱི་རོལ་དབྱངས་50ལྷག་ཙམ། དེང་རབས་ཀྱི་རོལ་དབྱངས་50ལྷག་ཙམ། ད་དུང་བརྙན་ཐུང་དང་། གློག་བརྙན། གླུ་གར་སོཌ་མང་པོ་བརྩམས་མྱོང་ཡོད། ལོ་མང་རིང་བཀྲ་ཤིས་ཚེ་དབང་ལ་བྱ་དགའ་མང་པོ་ཐོབ་པ་དེ་དག་ལས་ཁོང་གིས་བོད་ཀྱི་རོལ་དབྱངས་དང་ཀྲུང་གོའི་རོལ་དབྱངས་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་ཐོབ་པ་མཚོན་ཡོད།

    ཕུལ་བྱུང་གི་རོལ་དབྱངས་གསར་རྩོམ་བྱ་ཆེད། བཀྲ་ཤིས་ཚེ་དབང་གིས་བོད་ཀྱི་ས་ཕྱོགས་གང་སར་བསྐྱོད་ནས་ས་མཐོའི་རང་བྱུང་མཛེས་ལྗོངས་ལས་འཕྲོད་པའི་སྙན་འཇེབས་ལྡན་པའི་རོལ་དབྱངས་མང་པོ་འཚོལ་ཞིབ་བྱས་ཤིང་། ཁོང་གིས་དུས་རྒྱུན་དུ་འཚོ་བའི་ཁྲོད་གཏིང་ཟབ་ཞུགས་པ་དང་། མཛེས་སྡུག་ལྡན་པའི་རི་ཀླུང་མང་པོ་བརྒལ་བ། རླུང་བུས་ཡལ་ག་དལ་བུར་གཡོ་བའི་སྒྲར་ཉན་པ། བྲག་ཤུར་དུ་རྒྱུ་བའི་ཆུ་བོའི་སྒྲར་ཉན་པ། འབྲོག་གླུ་སྙན་པོར་ཉན་པ། རྩྭ་ཐང་སྟེང་གི་ནོར་ལུག་གི་འབའ་སྒྲར་ཉན་པ། འཁྱགས་ཆུ་བཞུར་བའི་སྒྲར་ཉན་པ་སོགས་བོད་ཀྱི་རི་ཆུ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལས་ཁོང་གི་རིག་པ་ཐོལ་སྐྱེས་དང་གསར་རྩོམ་གྱི་གསོན་ཤུགས་ཡོངས་སུ་རྒྱས།

    བཀྲ་ཤིས་ཚེ་དབང་གིས་བོད་ཀྱི་དམངས་ཁྲོད་རོལ་དབྱངས་ལ་དང་ཞེན་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། གྲོགས་པོ་ཚོས་བོད་ཀྱི་ས་ཆ་གང་ཞིག་ཏུ་དམིགས་བསལ་གྱི་རོལ་དབྱངས་ཡོད་པ་གོ་ཐོས་བྱུང་འཕྲལ་ཁོང་ལ་བརྗོད་ཀྱི་ཡོད། ཁོང་གིས་གནས་ཚུལ་དེའི་རིགས་གོ་ཐོས་བྱུང་མ་ཐག་བྲེལ་བརྩོན་ཇི་ལྟར་ཆེ་རུང་ཐབས་བརྒྱ་ཇུས་སྟོང་གིས་དུས་ཚོད་དམ་འཛིན་བྱས་ཏེ་གང་འདྲ་ཡོད་མེད་བལྟ་བར་སྐྱོད་ཀྱི་ཡོད། ཐེངས་ཤིག་བཀྲ་ཤིས་ཚེ་དབང་ཉིང་ཁྲིར་དམངས་གཞས་འཚོལ་བསྡུ་བྱེད་པར་སྐྱོད་སྐབས་དགའ་འོས་པའི་གནས་ཚུལ་ཞིག་འཕྲད་ཡོད་ཅིང་། ཁོང་གིས“བོད་ཀྱི་དམངས་ཁྲོད་རོལ་དབྱངས་ཁྲོད་སྒྲའི་བང་རིམ་མང་བའི་རོལ་དབྱངས་ཧ་ཅང་ཉུང་ཉུང་ཡིན་མོད། འོན་ཀྱང་དམངས་གཞས་འཚོལ་བསྡུ་བྱེད་སྐབས་ངས་ཉིང་ཁྲིའི་ས་ཆ་ཞིག་ཏུ་སྒྲའི་བང་རིམ་མང་བའི་རོལ་དབྱངས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད་པ་རྟོགས་བྱུང་། སྐབས་དེ་དུས་ངས་སྒྲ་འཇུག་འཕྲུལ་འཁོར་འཁྱེར་ཡོད་པས་ས་གནས་དེ་གའི་དམངས་གཞས་སྒྱུ་རྩལ་པར་ས་གནས་དེ་གའི་སྒྲའི་བང་རིམ་མང་བའི་རོལ་དབྱངས་དཀྲོལ་རྒྱུའི་རེ་བ་བཏོན་པ་ཡིན”ཞེས་བཤད། དམངས་གཞས་དེ་དག་གིས་ཁོང་གི་ཡིད་དབང་རྦད་དེ་འཕྲོག་ནས་སྒྲ་འཇུག་བྱེད་པ་ལས་ས་ཆ་དེ་གའི་མིང་དང་སྒྱུ་རྩལ་པའི་མིང་སྐད་ཆ་འདྲི་རྒྱུ་གཏིང་བརྗེད་དུ་སོང་ནས་ད་ཆའང་ཁོང་གིས་ས་ཆ་དེ་གང་དུ་ཡིན་པ་གསལ་པོ་རྟོགས་ཀྱི་མེད་པ་རེད། ལོ་མང་སོང་རུང་བཀྲ་ཤིས་ཚེ་དབང་ལ་དེའི་སྐོར་བརྗོད་སྐབས་བློ་ཕམ་ཧ་ཅང་ཆེན་པོ་ཡོང་གི་ཡོད།

    འཚོ་བ་དངོས་ཀྱི་ནང་ནས་དམངས་གཞས་འཚོལ་བསྡུ་ཐེངས་མང་བྱས་པས་བཀྲ་ཤིས་ཚེ་དབང་གི་རོལ་དབྱངས་བརྩམས་ཆོས་དེ་དག་མང་ཚོགས་ཀྱི་ཁྲོད་དུ་དར་ཁྱབ་བྱུང་བ་ཤ་སྟག་ཡིན་ཞིང་། སྙན་འཇེབས་ལྡན་ལ་ཡིད་དབང་འཕྲོག་པའི་རོལ་དབྱངས་དེ་དག་ལ་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “ངས་བལྟས་ན་བོད་ཀྱི་དམངས་ཁྲོད་རོལ་དབྱངས་ནི་བོད་ཀྱི་རོལ་དབྱངས་ཀྱི་བླ་སྲོག་ཡིན་ལ་དུས་ནམ་ཡང་ངའི་གསར་རྩོམ་གྱི་ཁ་ཕྱོགས་ཤིག་ཀྱང་ཡིན”ཞེས་བཀྲ་ཤིས་ཚེ་དབང་གིས་བཤད།

    1972ལོར་ལོ་15ཡིན་པའི་བཀྲ་ཤིས་ཚེ་དབང་བོད་ལྗོངས་ལྷ་མོ་ཚོགས་པར་འཁྲབ་སྟོན་པ་ཞིག་བྱས། འོན་ཀྱང་སྨྲ་བ་ཉུང་བའི་ཁོང་འཁྲབ་སྟོན་པ་ཞིག་བྱེད་འདོད་རྩ་བ་ནས་མེད་པ་རེད། ཕྱིས་སུ་ཁོང་བོད་ལྗོངས་གླུ་གར་ཚོགས་པའི་རོལ་དབྱངས་ཚོགས་པར་དུང་ཆེན་སློབ་སྦྱོང་བྱས། དེ་རྗེས་ཁོང་གིས་ད་དུང་རོལ་དབྱངས་ཚོགས་པའི་བཀོད་འདོམས་པ་ལོ་གསུམ་བྱས། 1980ལོར་རོལ་དབྱངས་གསར་རྩོམ་གྱི་ལམ་བུར་དངོས་སུ་ཞུགས་འགོ་ཚུགས།

    གཞས་གདངས་གསར་རྩོམ་ལ་དད་སེམས་ཆེན་པོ་སླེབས་པ་དང་སྦྲགས་བཀྲ་ཤིས་ཚེ་དབང་གིས་གཞས་གདངས་གསར་རྩོམ་གྱི་མཐའ་ཡས་ནམ་འཕང་གཅོད་འགོ་བཙུགས་ཤིང་། སྐབས་དེ་དུས་ལྗོངས་ལྷ་མོ་ཚོགས་པར་གཞས་གདངས་རྩོམ་མཁན་རྒན་སྤེན་རྡོར་ལགས་ཀྱིས་བཀྲ་ཤིས་ཚེ་དབང་གིས་བརྩམས་པའི་གཞས་གདངས་ལ་གཟིགས་རྗེས་གསོན་ཉམས་དོད་པའི་བརྩམས་ཆོས་ལ་ཧང་སང་ནས་དགའ་ཚོར་ཆེན་པོས་མཛུབ་ཁྲིད་གནང་བ་རེད། གཞས་གདངས་གསར་རྩོམ་ལ་སྔར་བས་ཞིབ་འཇུག་གཏིང་ཟབ་བྱ་ཆེད་བརྩོན་འགྲུས་ཆེ་བའི་བཀྲ་ཤིས་ཚེ་དབང་གིས་རོལ་དབྱངས་ཀྱི་གཞི་རྩའི་གཞུང་ལུགས་སློབ་སྦྱོང་བྱས་ཤིང་། རྟག་ཏུ་ཐེངས་ལྔ་དྲུག་ཙམ་བལྟ་བ་དང་མ་ཤེས་པ་འཕྲད་སྐབས་རྒན་ལགས་ལ་བཀའ་འདྲི་ཞུ་གི་ཡོད།

    སྟབས་ལེགས་པ་ཞིག་ལ་བཀྲ་ཤིས་ཚེ་དབང་ལ་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་དྲུག་བཅུར་པར་སྐྲུན་བྱས་པའི་ཡིག་ཟོར་ལྕི་བའི་ཡི་གེ་པར་མའི་རོལ་དབྱངས་སྐོར་གྱི་རིགས་པའི་གཞུང་ལུགས་ཀྱི་དཔེ་དེབ་ཅིག་རག་པ་རེད། སྐབས་དེ་དུས་དེབ་དེའི་ནང་གི་ཡིག་ཟོར་ལྕི་བའི་ཡི་གེ་མང་པོ་ཞིག་ངས་ཤེས་ཀྱི་མི་འདུག ངས་ཡིག་ཟོར་ལྕི་བའི་ཡི་གེ་བྱང་ཆུབ་པ་སྦྱངས་རྗེས་དེབ་ནང་གི་རོལ་དབྱངས་སྐོར་གྱི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱས་པ་ཡིན་ཞེས་བཀྲ་ཤིས་ཚེ་དབང་གིས་དྲན་གསོ་དང་སྦྲགས་བཤད། དཀའ་བ་སྤྱད་ན་འབྲས་བུ་ལས་ཀྱིས་སྨིན་ཟེར་བ་ལྟར་བརྩོན་འགྲུས་དང་ལྷན་སྐྱེས་ལ་བརྟེན་ནས་བཀྲ་ཤིས་ཚེ་དབང་ལ་ལམ་འགྲོ་རྒྱུགས་པ་རེད།

    1983ལོར་བཀྲ་ཤིས་ཚེ་དབང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་པ་རེད། ཁོང་གིས་སློབ་གྲྭ་དེར་ལོ་བཞི་ཏག་ཏག་གཞས་གདངས་རྩོམ་སྟངས་དང་ལག་རྩལ་ཐད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱས། སློབ་སྦྱོང་ཧུར་ཐག་བྱས་པས་སླད་ཕྱིན་གྱི་ཁོང་གི་ཆེད་ལས་གཞས་གདངས་གསར་རྩོམ་ལ་རྨང་གཞི་ཡག་པོ་ཞིག་འདིང་ཐུབ་ཡོད།

    1987ལོར་བཀྲ་ཤིས་ཚེ་དབང་ཀྲུང་དབྱང་མི་རིགས་སློབ་ཆེན་ནས་ཐོན་རྗེས་བོད་ལྗོངས་གླུ་གར་ཚོགས་པར་ལས་བགོས་བརྒྱབ་ཅིང་། དུས་དེ་ནས་བཟུང་ཁོང་གིས་རོལ་དབྱངས་གསར་རྩོམ་གྱི་བགྲོད་ལམ་རིང་མོར་སྐྱོད། ཕུལ་བྱུང་གི་བརྩམས་ཆོས་མང་པོ་ཞིག་བོད་ལྗོངས་གླུ་གར་ཚོགས་པར་ལས་ཀ་བྱེད་རིང་བརྩམས་པ་ཤ་སྟག་རེད། པི་ཝང་ཞབས་གཞས《མེས་རྒྱལ་གྱི་བོད་ལྗོངས》དང་། 《བོད་སྐྱོར་ཡག་པོ་འདུག》 《གསེར་མདོག་གི་ཁྱིམ་གཞིས》སོགས་སྙན་འཇེབས་ཡིད་དབང་འཕྲོག་པའི་རོལ་དབྱངས་བརྩམས་ཆོས་རེ་རེ་ལས་བཀྲ་ཤིས་ཚེ་དབང་གི་ངོ་མཚར་ཕུན་སུམ་ཚོགས་པའི་རོལ་དབྱངས་ཀྱི་མི་ཚེར་བཀྲག་མདངས་འཚེར།

    ད་ཆ་བཀྲ་ཤིས་ཚེ་དབང་བོད་ལྗོངས་སློབ་ཆེན་སྒྱུ་རྩལ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ་བ་ཡིན་ཞིང་། ཁོང་གིས་རོལ་དབྱངས་ཀྱི་ས་བོན་སློབ་བུ་མང་པོའི་སེམས་ཀྱི་ཞིང་སར་བཏབ་སྟེ་ཉི་འོད་དང་དྲོད་བཤེར་གྱི་གསོ་སྐྱོང་འོག་རྩ་བ་ཚུགས་པ་དང་ཡལ་ག་རྒྱས་ཏེ་མཚར་སྡུག་རྣམ་པར་བཀྲ་བའི་རོལ་དབྱངས་ཀྱི་མེ་ཏོག་བཞད།

    བཀྲ་ཤིས་ཚེ་དབང་གིས་བརྩམས་པའི་གཞས་གདངས་ཉན་སྐབས་ང་ཚོས་བོད་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རིག་གནས་ཀྱི་ནང་དོན་ཟབ་མོ་རྟོགས་ཐུབ། དབྱངས་རྟ་རེ་རེ་བཀྲ་ཤིས་ཚེ་དབང་གི་མཛུབ་མོའི་འགུལ་ཕྱོགས་དང་བསྟུན་ནས་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་རོལ་དབྱངས་གསན་པ་པོ་ཁྲི་སྟོང་མང་པོའི་རྣ་བའི་ལོངས་སྤྱོད་དུ་གྱུར་ཡོད། ངའི་ངོས་ནས་བརྗོད་ན་གཞས་གདངས་གསར་རྩོམ་ནི་ཧ་ཅང་སྤྲོ་སྣང་དོད་པའི་བྱ་བ་ཞིག་རེད། ངའི་གང་བསམ་གང་དྲན་ཚང་མ་རོལ་དབྱངས་ཀྱི་ཐོག་ནས་མཚོན་ཐུབ་པ་དང་། སྐད་ཆའི་ཐོག་ནས་མཚོན་མི་ཐུབ་པ་དག་རོལ་དབྱངས་ཀྱི་ཐོག་ནས་མཚོན་གྱི་ཡོད། འདི་ནི་ཧ་ཅང་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་རེད། སྤྱིར་ན་ངས་ཉིན་ལྟར་གཞས་གདངས་གསར་རྩོམ་བྱེད་ཀྱི་ཡོད། གཞས་གདངས་གསར་རྩོམ་ནི་བཀྲ་ཤིས་ཚེ་དབང་གི་འཚོ་བའི་ནང་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཏུ་གྱུར་ཡོད་པ་རེད།

    སྒྱུ་རྩལ་གྱི་ཞིང་ས་གཤིན་མོ་ནས་བཞེངས་པའི་སྙན་འཇེབས་ཀྱི་འགྱུར་ཁུག་ཞབས་བྲོའི་སྟངས་སྟབས་སུ་མཆོར།

    རོལ་དབྱངས་འཚོལ་བསྡུའི་ལས་ལ་གཞོལ།

    གཞས་གདངས་གསར་རྩོལ་ལས་ལ་གཞོལ།

    འགྱུར་ཁུག་སྙན་པའི་དབྱངས་སུ་གྱེར།

    རོལ་དབྱངས་སྒྲིག་བཟོའི་དབྱིངས་སུ་ཚུད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།