[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ཤོག་བཟོ་རྩལ་རྒྱུན་འཛིན་པ་ཚེ་རིང་སྟོབས་རྒྱལ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཀྲང་ཅིང་ཕིང་།    |    སྤེལ་དུས།   2018-07-01

    སྤྱི་ཟླ་བདུན་པར་སླེབས་ཉེར་ཡོད་པས་ས་མཐོའི་ནས་བསྡུ་བར་ད་དུང་ཟླ་བ་གཅིག་ཙམ་མེད། འོན་ཀྱང་ཚེ་རིང་སྟོབས་རྒྱལ་གྱི་རེ་ལྕག་འབྲས་བུ་བསྡུ་བའི་དུས་ལ་སླེབས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཞོ་ལེགས་གྲོང་ཚོར་སྔོ་ཐིང་ངེར་གནས་པའི་ནས་ཞིང་མང་པོའི་ཁྲོད་ནས་མེ་ཏོག་རྣམ་པར་བཞད་པའི་རེ་ལྕག་ཞིང་ཁ་ཞིག་ཧ་ཅང་མངོན་གསལ་དོད་པོ་ཡོད། ལོ་68ལ་སླེབས་པའི་ཚེ་རིང་སྟོབས་རྒྱལ་གྱིས་རེ་ལྕག་ཞིང་ཁ་དེར་གཡོག་བྱེད་བྱེད་བཞིན་འདུག

    ཚེ་རིང་སྟོབས་རྒྱལ་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཞོ་ལེགས་བོད་ཤོག་རྒྱུན་འཛིན་པ་ཞིག་ཡིན་པ་དང་རེ་ལྕག་ནི་ཞོ་ལེགས་བོད་ཤོག་གི་རྒྱུ་ཆ་གཙོ་བོ་ཡིན།

    རི་སྐྱེས་རེ་ལྕག་སྔོག་རྗེས་ལོ་5ནས་10བར་སོང་ཚེ་གཞི་ནས་སྐྱེ་འཚར་ཐུབ་ཀྱི་ཡོད། སྣོད་བཅུད་ཁོར་ཡུག་ལ་སྲུང་སྐྱོང་བྱ་ཆེད། སྲིད་གཞུང་སྡེ་ཚན་གྱི་རོགས་རམ་འོག་ཚེ་རིང་སྟོབས་རྒྱལ་གྱིས་ལོ་གསུམ་གོང་མི་ཐབས་ལ་བརྟེན་ནས་རེ་ལྕག་ཚོད་འདེབས་བྱེད་འགོ་བཙུགས་པ་དང་ད་ཆ་བོད་ཤོག་ཁག་གཅིག་གི་རྒྱུ་ཆའི་གནད་དོན་ཐག་གཅོད་རགས་ཙམ་ཐུབ་ཡོད།

    ཚེ་རིང་སྟོབས་རྒྱལ་གྱིས“ངའི་སྤོ་བོ་ལགས་དང་པ་ཕ་གཉིས་ཀ་བོད་ཤོག་ལ་བརྟེན་ནས་འཚོ་ཐབས་བྱེད་ཀྱི་ཡོད། ཁོང་རྣམ་གཉིས་ཀྱིས་བོད་ཤོག་བཟོ་རྩལ་དེ་ང་ལ་བསླབས་གནང་བྱུང་། བོད་ཤོག་ནི་ལོ་རྒྱུས་ཀྱི་དྲན་གསོ་ལྟ་བུ་ཞིག་ཡིན་པས་ངས་དེ་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱེད་ཀྱི་ཡིན། རེ་ལྕག་འདེབས་པ་ནི་ངས་ཚོད་ལྟ་བྱས་པ་ཞིག་ཡིན”ཞེས་བཤད།

    ཞོ་ལེགས་བོད་ཤོག་ལ་ད་བར་ལོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། དེར་འབུས་མི་བཟའ་བ་དང་མི་རུལ་བའི་ཁྱད་ཆོས་ལྡན་ཡོད། ལོ་རྒྱུས་ཐོག་ཞོ་ལེགས་གྲོང་ཚོའི་གྲོང་མི་མང་ཆེ་བ་བོད་ཤོག་ལ་བརྟེན་ནས་འཚོ་བ་སྐྱེལ་གྱི་ཡོད། དུས་རབས་20པའི་ལོ་རབས་80པར་ཤོག་བུ་གསར་པ་ཐོན་པ་དང་ཐོན་སྐྱེད་མ་གནས་མཐོ་རུ་ཕྱིན་པ་སོགས་ཀྱི་རྐྱེན་པས་ཞོ་ལེགས་གྲོང་ཚོའི་མི་མང་པོ་ཞིག་ཕྱིར་གླ་པར་བསྐྱོད་པ་ལས་བོད་ཤོག་བཟོ་གི་མེད་པ་དང་། སྐབས་ཤིག་རིང་ཚེ་རིང་སྟོབས་རྒྱལ་ཀྱང་ཤིང་བཟོ་བ་དང་མཛོད་ཁང་གི་གཉེར་པ་བྱས།

    1985ལོར་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གིས་གནའ་དཔེ་སླར་གསོ་བྱེད་པར་བོད་ཤོག་འབོར་ཆེན་དགོས་པར་བརྟེན་ཁོང་ཚོས་ཚེ་རིང་སྟོབས་རྒྱལ་བཙལ་ནས་ཁོང་དང་བོད་ཤོག་ཡུན་རིང་མཁོ་འདོན་བྱེད་པའི་གན་རྒྱ་བཞག་པ་རེད།

    ཚེ་རིང་སྟོབས་རྒྱལ་གྱིས་སླར་ཡང་བོད་ཤོག་བཟོ་བའི་ལག་རྩལ་སྤྱོད་འགོ་ཚུགས། རེ་ལྕག་པགས་པ་བཤུ་བ་དང་། བཙོ་བ། རྫོག་རྡུང་། སྲུབ་པ་བཅས་བྱས་ནས་དུག་ཡོད་རྩི་ཤིང་དེ་བོད་ཤོག་ཏུ་གྱུར་བ་བྱེད་ཀྱི་ཡོད།

    རེ་ལྕག་མིག་ལ་ཧ་ཅང་གནོད་པོ་ཡོད་པས་བོད་ཤོག་བཟོ་མཁན་གྱི་ངོ་གདོང་ལ་ཐོར་པ་སྐྱེ་ཡི་ཡོད་མོད། འོན་ཀྱང་ཚེ་རིང་སྟོབས་རྒྱལ་གྱིས་བོད་ཤོག་བཟོ་རྒྱུ་མཐའ་འཁྱོངས་བྱས། གླ་ཆ་དམའ་པོ་ལས་སྤྲོད་མི་ཐུབ་པས་ཚེ་རིང་སྟོབས་རྒྱལ་གྱིས་གཏན་འཇགས་ཀྱི་སློབ་མ་ཞིག་བསྡུ་ཐུབ་མེད། དེས་ན་ཁོང་གིས་བུ་སྐལ་བཟང་བསྟན་འཛིན་དང་བུ་ཆུང་ཤིང་བཟོའི་ལས་མཚམས་འཇོག་ཏུ་བཅུག་ནས་བོད་ཤོག་བཟོ་རྒྱུའི་ཁ་ཏ་བསླབ་བྱ་བྱས།

    2011ལོར་སྲིད་གཞུང་གི་རྒྱབ་སྐྱོར་འོག་ཚེ་རིང་སྟོབས་རྒྱལ་གྱིས་བོད་ཤོག་བཟོ་གྲྭ་བཙུགས་པ་དང་ཤོག་བུ་བཟོ་ས་ཡང་ཞོ་ལེགས་གྲོང་ཚོ་ནས་སྙེ་མོ་རྫོང་གྲོང་དུ་སྤོས། ད་ཆ་བོད་ཤོག་བཟོ་གྲྭས་ལོ་གཅིག་ལ་བོད་ཤོག་བྲེ་ཁ་4800ཐོན་སྐྱེད་ཐུབ་པ་དང་ཤོག་བུ་རེར་སྒོར་70བྱེད་ཀྱི་ཡོད། བཟོ་པའི་གླ་ཆ་དང་རྒྱུ་ཆའི་འགྲོ་སོང་ཕུད་ལོ་རེར་ཡོང་འབབ་སྒོར་ཁྲི་10ཡང་རག་གི་མེད། ཡོང་འབབ་དེ་ཕྲུ་གུ་གཉིས་ཤིང་བཟོ་བྱེད་སྐབས་ཀྱི་མི་རེར་ཉིན་རེར་སྒོར་300ཡི་ཡོང་འབབ་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་མོད། འོན་ཀྱང་ཕ་བུ་གསུམ་གྱིས་དེའི་ཐད་གནོང་འགྱོད་ཏིལ་འབྲུ་ཙམ་ཡང་བྱེད་ཀྱི་མེད། བོད་ཤོག་བཟོ་རྩལ་དེ་ཁྱིམ་བརྒྱུད་ནོར་བུར་བརྩི་བའི་ཚེ་རིང་སྟོབས་རྒྱལ་གྱི་བསམ་འདུན་འབའ་ཞིག་ནི་དེ་བས་ཡག་པའི་བོད་ཤོག་བཟོ་རྒྱུ་དེ་རེད།

    ཉེ་བའི་ལོ་ཤས་རིང་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་བཞིན་གོང་འཕེལ་སོང་བ་དང་བསྟུན་ནས་ཚེ་རིང་སྟོབས་རྒྱལ་གྱིས་ད་དུང་བོད་ཤོག་གི་ཡུལ་སྐོར་ལག་ཤེས་ཐོན་རྫས་ཁག་གཅིག་གསར་གཏོད་དང་ཞིབ་བཟོ་བྱས་ཡོད་པ་དཔེར་ན། བོད་ཤོག་གི་གློག་བཞུའི་ཁེབས་དང་བོད་ཤོག་གི་ཟིན་དེབ་སོགས་རེད། དེ་དག་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁག་གཅིག་གིས་ཆེད་མངགས་ཁོང་གི་བོད་ཤོག་བཟོ་གྲྭར་ཡོང་ནས་བོད་ཤོག་བཟོ་གྲྭའི་ཐོན་རྫས་ལ་ལྟ་ཞོར་དུ་ཐོན་རྫས་ཉོ་སྒྲུབ་བྱེད་ཀྱི་ཡོད།

    འདི་ལོའི་ལོ་སྟོད་དུ་ཚེ་རིང་སྟོབས་རྒྱལ་ལ་སྐབས་དང་པོའི“བོད་ཡུལ་གྱི་བཟོ་བོའི”གཟི་བརྗིད་མཚན་སྙན་ཐོབ་ཡོད། དཔྱད་བརྗོད་ནང་འདི་ལྟར་བྲིས་ཡོད་པ་སྟེ། བོད་ཤོག་ཁྱིམ་གྱི་རྗེས་རབས་པ་ཡིན་ལ་ལོ་བཅུ་གསུམ་ནས་བཟུང་ལག་རྩལ་སྦྱངས། བོད་ཤོག་གི་བྲེ་ག་རེ་རེ་ལས་ཁྱེད་ཀྱི་བགྲང་བྱ་དྲུག་ཅུ་ལྷག་ཙམ་གྱི་ལོ་ཟླའི་ཤུལ་ལམ་རིང་མོ་མངོན་ཐུབ། དཀའ་ངལ་སྣ་ཚོགས་ཀྱི་མདུན་དུ་ཁྱེད་ཀྱིས་དཔའ་ཞུམ་ནས་མ་བསྡད་པར་མི་ཚེ་གང་པོ་ཤོག་བཟོའི་ལས་རིགས་སྐྱོང་བའི་དམ་བཅའ་བརྟན་པོར་བསྲུངས་ཞེས་པ་དེ་རེད།

    ད་ཆ་ཚེ་རིང་སྟོབས་རྒྱལ་ཕ་བུ་གསུམ་ནི་ཞོ་ལེགས་བོད་ཤོག་བཟོ་རྩལ་གྱི་རྒྱུན་འཛིན་པ་འབའ་ཞིག་དེ་རེད། ཚེ་རིང་སྟོབས་རྒྱལ་གྱིས“བོད་ཤོག་ནི་ལག་ཤེས་བཟོ་རྩལ་ཞིག་རེད་ལ། རིག་གནས་ཤིག་ཀྱང་ཡིན་པས་རྒྱུན་ཆད་དུ་འཇུག་རྒྱུ་མེད་པའི་ཁར་ད་དུང་ཡག་ཐོག་ཡག་བརྩེགས་ཡོང་བ་བྱེད་དགོས”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།