[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བགྲང་བྱ་དྲུག་ཅུའི་རྒྱུན་འཛིན་དང་སྲུང་སྐྱོང་།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པའི་སྐོར།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-05-12

    དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པར་བཙུགས་པའི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པར“ཞོལ་པ་ལྷ་མོ”ཞེས་ཟེར་སྲོལ་ཡོད་པ་དེ་ནི་སྙན་གྲགས་ཀྱི་བ་དན་གང་སར་གཡོ་བའི་ལྷ་མོ་ཚོགས་པའི་གྲས་ཤིག་རེད་ལ། ལྷ་ས་གྲོང་ཁྱེར་དུ་བཙུགས་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སྔ་ཤོས་ཤིག་ཀྱང་རེད།

    བོད་མི་རིགས་ཀྱི་འབག་སྔོན་ལྷ་མོའི་གྲས་ཤིག་ཡིན་པའི་སྐྱོར་མོ་ལུང་དམངས་ཁྲོད་ལྷ་མོ་ཚོགས་པ་1956ལོར་ཞོལ་དམངས་ཁྲོད་ལྷ་མོ་སྒྱུ་རྩལ་ཚོགས་པར་མིང་བསྒྱུར་རྗེས་ཀྱི་ལོ་ངོ་60ཡི་རིང་། སྐྱོར་མོ་ལུང་ལྷ་མོའི་རྒྱུན་འཛིན་པ་མི་རབས་མང་པོས་གང་དེ་རང་ཉིད་ཀྱི་ཚེ་གང་བྱ་གཞག་ལ་བརྩིས་ནས་ལྷ་མོའི་གཞུང་དང་ཉིང་བཅུད་མི་ཉམས་གོང་འཕེལ་དང་རྒྱུན་འཛིན་དར་སྤེལ་བཏང་ཡོད།

    དུས་སྐབས་ཤིག་རིང་། ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པའི་ཡོང་འབབ་ཅུང་དམའ་བས། ཟ་ཁང་གཉེར་ནས་ཡོང་འབབ་གསོག་ཐབས་བྱས་ཏེ་འཁྲབ་སྟོན་པ་ཚོས་ཉིན་མོ་ཟ་ཁང་དུ་ལས་ཀ་བྱེད་པ་དང་དགོང་མོ་ནང་སྦྱོང་བྱེད་ཀྱི་ཡོད་པས། ཡོང་འབབ་ཅུང་བརྟན་དུ་སོང་ཡོད། འོན་ཀྱང་དུས་ཡུན་རིང་པོ་མ་སོང་བར་ཁྲོམ་རའི་འགྲན་རྩོད་ཆེ་རུ་སོང་བ་དང་སྦྲགས་ལྷ་མོ་ཚོགས་པའི་ཟ་ཁང་སྔ་རྗེས་སུ་མ་རྩ་བརྡིབས་པས“ཞོལ་པ་ལྷ་མོའི”གནས་སྟངས་ཧ་ཅང་དཀའ་ཉེན་ཆེ་བར་གྱུར། འཚོ་བའི་འགན་ལེན་མེད་པར་བརྟེན་འཁྲབ་སྟོན་པ་ཚོས་ལས་ཞོར་དུ་ལས་ཀ་ཙག་ཙིག་བྱས་ནས་འཚོ་རྟེན་གསོག་གི་ཡོད། སྐབས་དེ་དུས་འཚོ་བའི་འཁོས་ཀ་ཧ་ཅང་ཞན་ཡང་ལྷ་མོ་ཚོགས་པ་ནས་དོན་མཁན་མི་གཅིག་ཀྱང་བྱུང་མེད། ཁོང་ཚོ་དཀའ་གནས་ལས་སྒྲོལ་བའི་བསམ་པའི་རྟེན་ས་ནི་ལྷ་མོར་ཧ་ཅང་དགའ་པོ་ཡོད་པ་དང་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་གྱི་དད་སེམས་བརྟན་པོ་དང་ལྟད་མོ་བས་ལྷ་མོར་དུས་རྒྱུན་དུ་ནས་དགའ་པོ་བྱེད་ཀྱི་ཡོད་པས་རེད།

    སྤེན་པ་ཚེ་རིང་ལོ་10ལ་སླེབས་སྐབས། ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པའི་ལྷ་མོའི་དགེ་རྒན་མི་རབས་གསུམ་པ་མཱ་ཧེ་དང་དགེ་རྒན་མི་རབས་བཞི་པ་འཇམ་དབྱངས་བློ་བརྟན་གྱི་དྲུང་ནས་ལྷ་མོའི་སྒྱུ་རྩལ་སྦྱོང་བའི་བསྐལ་བ་ཐོབ། “1994ལོར་ང་རྒན་འཇམ་དབྱངས་བློ་བརྟན་ལགས་ཀྱིས་དགེ་ཕྲུག་ལ་ཉར་གནང་བ་དང་། ལྷ་མོའི་འཁྲབ་གཞུང་ཆེ་གྲས་བརྒྱད་རིམ་གྱིས་སྦྱོང་འགོ་ཚུགས། བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་མཐར་འཁྲབ་གཞུང་ཆ་ཚང་ངག་སྐྱོར་ཐུབ་སོང”ཞེས་ལྷ་མོ་སྦྱོང་དུས་ཀྱི་སྐོར་སྤེན་པ་ཚེ་རིང་ལ་གསལ་པོ་ཤོད་རྒྱུ་ཡོད་པ་དང་། ཁོང་གིས་སྐབས་དེ་དུས་གནོན་ཤུགས་ཆེན་པོ་ཡོད་པས་རྟག་ཏུ་ལྟོ་ཆས་ཟ་བའི་དང་གའང་མི་འདུག་ཅེས་བཤད་བྱུང་།

    ད་ཆ་ལོ་50ཙམ་ལ་སླེབས་ཉེའི་སྤེན་པ་ཚེ་རིང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་གཙོ་བོ་ཡིན་ཞིང་། ཁོང་གིས“ངའི་ཕ་མའང་ལྷ་མོ་ཚོགས་པ་འདིའི་ཁོངས་མི་རེད་ལ། ཨ་ཞང་དང་ཨ་ཅག་ཀྱང་ལྷ་མོ་ཚོགས་པའི་ཁོངས་མི་རེད། ང་རང་ཆུང་དུས་ནས་བོད་མི་རིགས་ཀྱི་ལོ་རྒྱུས་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། དེར་བརྟེན་རང་ཉིད་ལ་ལྷ་མོའི་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་འགན་འཁྲི་དང་འོས་འགན་ཡོད”ཅེས་བཤད་བྱུང་།

    ཉེ་བའི་ལོ་ཤས་རིང་། ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པས་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་མང་པོ་ཞིག་དང་མཉམ་འབྲེལ་བྱས་ཏེ་བོད་མི་རིགས་ཀྱི་དམངས་ཁྲོད་རིག་གནས་སྒྱུ་རྩལ་རྩ་ཆེན་ལྷ་མོ་སློབ་གྲྭར་འཁྲབ་ནས་ཕྲུ་གུ་ཚོས་གནའ་བོའི་མི་རིགས་ཀྱི་མཆོག་ནོར་ལ་རྒྱུས་མངའ་ལོན་པ་དང་ལོ་ཆུང་བྱིས་པས་ལྷ་མོར་དགའ་སྣང་ཡོང་བར་བྱས་ཡོད། འདིའང་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པས་ལྷ་མོའི་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་སྟངས་གཞན་ཞིག་རེད།

    ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པའི་བུད་མེད་འཁྲབ་སྟོན་པའི་དྲན་རྟེན་པར།

    ཀྲུང་དབྱང་དྲིལ་བསྒྲགས་པུའུ་རིག་རྩལ་ཅུས་དང་རིག་གནས་པུའི་སྒྱུ་རྩལ་སིས་སྤྲད་པའི་2017ལོའི“རྒྱལ་ཡོངས་ས་གནས་ཀྱི་ཟློས་གར་ལྷོ་ཕྱོགས་མཉམ་འཛོམས་འཁྲབ་སྟོན”གྱི་ལག་ཁྱེར་སྟོན་བཞིན་པ།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།