[ English ] [ 中文 ]
0891-6325020
དབུ་ཤོག>རྩོམ་རིག་སྒྱུ་རྩལ།>མངོན་མིན་རིག་གནས་ཤུལ་བཞག
  • བོད་ཀྱི་གྲོང་ཁྱེར(ས་ཁུལ)ཁག་དང་རྫོང་ཚང་མར་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཀྱི་མིང་གཞུང་ཡོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-01-28

     གསར་འགོད་པར་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའུ་ནས་ཤེས་རྟོགས་བྱུང་བར། 2017ལོར་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལས་ཀའི་འཕེལ་རིམ་ཆེན་པོ་བྱུང་ནས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)ཁག་དང་རྫོང་ཚང་མར་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཀྱི་མིང་གཞུང་ལྡན་པའི་དམིགས་ཚད་ཐོག་མར་མངོན་འགྱུར་བྱུང་བ་དང་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)རིམ་པ་དང་རྫོང་རིམ་པའི་རྣམ་གྲངས་487དང་1364སོར་སོར་ཟིན་ཡོད། ཁག་ལྔ་པའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ལ་དཔྱད་ཞིབ་བྱེད་པའི་ལས་དོན་ལེགས་གྲུབ་བྱུང་སྟེ་ལྗོངས་ཡོངས་ཀྱི་རྣམ་གྲངས་137སྤྱི་བསྒྲཌ་ཀྱི་མིང་ཐོའི་ནང་བཅུག་ཡོད་པ་རེད། 

    2017ལོར་རང་ལྗོངས་ཀྱི་བོད་ཀྱི་གསོ་བ་རིག་པ་མངོན་མིན་རིག་གནས་ཤུལ་བཞག་ཏུ་རེ་ཞུ་བྱས་པར་ཚད་བརྒལ་ཆེན་པོ་བྱུང་ནས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ལ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རྣམ་གྲངས་ཀྱི་མིང་གཞུང་ནང་འཇུག་རྒྱུའི་རེ་ཞུ་དངོས་སུ་བྱས་པ་རེད། ལོ་གཅིག་རིང་རང་ལྗོངས་ཀྱི་རིག་གནས་སྡེ་ཚན་གྱིས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་མྱུར་སྐྱོབ་ཀྱི་ཐོ་འགོད་འདུ་འགོད་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། 2015ལོའི་ལོ་འཁོར་དུ་རྣམ་གྲངས་10ལ་གོ་རིམ་ལྡན་པའི་ངང་མཐའ་མའི་ཞིབ་དཔྱད་བྱས་པ་དང་། 2016ལོའི་ལོ་འཁོར་དུ་རྣམ་གྲངས་10ལ་ཐོག་མའི་ཞིབ་དཔྱད་ཁྱོན་ཡོངས་ནས་བྱས་པ། 2017ལོའི་ལོ་འཁོར་དུ་རྣམ་གྲངས་10ལ་འོས་སྐུལ་འོས་དཔོད་དངོས་སུ་བྱས་པ་རེད། བོད་ཀྱི་ཁག་གཉིས་པའི་མངོན་མིན་རིག་གནས་ཤུལ་བཞག་གི“རྒྱུན་འཛིན་པ་ཡག་ཤོས་བཅུ”དཔྱད་འདེམས་དང་གཟེངས་བསྟོད་བྱས་པ་དང་། ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་51གདན་ཞུ་བྱས་ནས་རང་ལྗོངས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་རིགས་གཅིག་མཁས་ཅན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བསྐོས་པ་རེད། 

    ལོ་གཅིག་རིང་སྡེ་ཚན་མང་པོ་མཉམ་འབྲེལ་དང་ལྗོངས་ཕྱི་ནང་མཉམ་འགུལ་བྱས་ནས་སྔ་རྗེས་སུ“བཟོ་བོའི་ཕུགས་འདུན་གཏོད། བོད་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་གྱི་འགྲེམས་སྟོན”དང“མངོན་མིན་རིག་གནས་ཤུལ་བཞག་སློབ་གྲྭར་འགྲེམས་སྟོན་བྱེད” “ཀྲུང་གོའི་ཁྲེང་ཏུའི་རྒྱལ་སྤྱིའི་མངོན་མིན་རིག་གནས་ཤུལ་བཞག་དུས་ཆེན་གྱི་བོད་ཀྱི་གསོ་བ་རིག་པའི་ཆེད་དོན་འགྲེམས་སྟོན་སྐབས་དྲུག་པ” “ལྗོངས་ཡོངས་ཀྱི་ལྷ་མོའི་འཁྲབ་སྟོན་སྐབས་དྲུག་པ”“འཛམ་གླིང་ཐོག་གི་ལྷ་མོ་རིང་ཤོས་ཀྱི་བརྗོད་དོན་གཙོ་བོའི་ལྕགས་སྨྱུག་རི་མོའི་འགྲེམས་སྟོན”སོགས་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་སྒོ་ཆེ་གྲས་10ལྷག་ཙམ་སྤེལ་བ་མ་ཟད། སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་པ་རེད། 

    2017ལོར་བོད་ཀྱི་དཔེ་རྙིང་སྲུང་སྐྱོང་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། ཆབ་མདོ་གྲོང་ཁྱེར་གྱི་རྫོང་ཆུས་6གི་དཔེ་རྙིང་1858ལ་ཡོངས་ཁྱབ་ཞིབ་བཤེར་བྱས་པ་དང་། དཔེ་རྙིང་སྲུང་སྐྱོང་རིགས་གཅིག་མཁས་ཅན་དང་འབྲེལ་ཡོད་ལས་དོན་མི་སྣས་པར་དང་དེབ་བརྙན་7860བརྒྱབ་པ་རེད། ཆབ་མདོ་དང་། ལྷོ་ཁ། ལྷ་ས་བཅས་གྲོང་ཁྱེར་གསུམ་གྱི་ཡོངས་ཁྱབ་ཞིབ་བཤེར་གྱི་གྲངས་གཞི་2655ལེགས་སྒྲིག་དང་། དཔེ་རྙིང་ཤོག་ལྷེ་2248ཉམས་གསོ། དཔེ་རྙིང་གི་ཚད་ལྡན་ཡིག་རིགས་334ལས་སྣོན་དང་དཀར་ཆག་བསྒྲིགས་པ་རེད། 《བོད་རང་སྐྱོང་ལྗོངས་ཀྱི་ཁག་བཞི་པའི་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་གི་མིང་གཞུང་པར་འཇུག》དང《བོད་ལྗོངས་མངའ་རིས་ས་ཁུལ་གྱི་བོད་ཡིག་དཔེ་རྙིང་གི་མིང་གཞུང》སོགས་ཀྱི་ཡོངས་ཁྱབ་ཞིབ་བཤེར་འབྲས་བུའི་དཔེ་དེབ་7བཏོན་པས། བོད་ཀྱི་དཔེ་རྙིང་གི་ཚད་ལྡན་ཡིག་ཆ་ཞིབ་འཇུག་དང་བེད་སྤྱོད་ཀྱི་རིན་ཐང་ཆེ་རུ་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 

    དེ་དང་དུས་མཚུངས་2017ལོར་བོད་ཀྱི་མངོན་མིན་རིག་གནས་རྒྱ་ཁྱབ་ངང་དྲིལ་བསྒྲགས་ཧུར་ཐག་བྱས་པ། ལྗོངས་ཕྱི་ནང་གི་སྨྱན་སྦྱོར་ཚན་པའི་ཆེད་དོན་བཅར་འདྲི་དང་བཅར་གླེང་སྣ་ཚོགས་ཐེངས་25དང་ལེན་བྱས་པས། རང་ལྗོངས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དྲིལ་བསྒྲགས་ནུས་ལྡན་ཐུབ་ཡོད། 《སོར་རྩེའི་འཁྱུག་འགྲོས། བོད་ཀྱི་ཐང་ག》ཞེས་པའི་ཞིབ་དཔྱད་ལས་དོན་ལེགས་གྲུབ་བྱུང་བ་དང་འབྲེལ། བོད་ལྗོངས་སྲུང་སྐར་འཕྲིན་ལམ་གྱི་དུས་ཚོད་ཡག་ཤོས་སུ་བསྟན་པ་རེད། “བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག”གི་སྐད་འཕྲིན་སྤྱི་རྟགས་བཏོད་ནས་མ་རྩོམ་གྱི་ཆ་འཕྲིན་13སྤེལ་བ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།