[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • བོད་ཀྱི་ས་ཆ་མང་པོར་གངས་ཆེན་པོ་བབས་པ།

    མིག་སྔར་མི་སྣ་དང་སྒོ་ཕྱུགས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-21

    701777_yis_1579495613957 副本.jpg

    འདི་ནི་ཟླ་1ཚེས་18ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གཉའ་ནང་རྫོང་གི་ལས་བྱེད་མང་ཚོགས་ཚོས་རྫོང་གྲོང་གི་གངས་གསོག་གཤོང་བཞིན་པ།

     ཟླ་1ཚེས་16ཉིན་ནས་བཟུང་། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་ནུབ་རྒྱུད་དང་ལྷོ་རྒྱུད་ཀྱི་ས་ཁུལ་དུ་གངས་ཆེན་པོ་བབས་པ་རེད། ཚེས་16ཉིན་གྱི་ཆུ་ཚོད་10པ་ཙམ་ལ་གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ཅུས་ཀྱིས་གངས་ཆེན་པོ་འབབ་པའི་སྔོན་བརྡ་སེར་པོ་བཏང་བ་དང་། ཚེས་17ཉིན་གྱི་ཆུ་ཚོད་11ཙམ་ལ་རིམ་པ་སྤར་ནས་གངས་ཆེན་པོ་འབབ་པའི་སྔོན་བརྡ་ལི་མདོག་བཏང་བ་རེད། ཚེས་18ཉིན་གྱི་སྔ་དྲོ་བར། ས་ཆ་མང་པོར་གངས་འབབ་མཚམས་ཆད་པ་དང་། ས་ཆ་ཁག་ལ་ཚད་གཞི་མི་འདྲ་བའི་འགྲིམ་འགྲུལ་དང་གློག་ཤར་གཏོང་མི་ཐུབ་པའི་གནས་ཚུལ་ཐོན་ཡོད། མིག་སྔར་མི་སྣ་དང་སྒོ་ཕྱུགས་ཤི་རྨས་ཀྱི་སྙན་ཞུ་འབྱོར་མེད། གངས་འབབ་མང་བའི་ཁུལ་དུ་གཞུང་ལམ་ཤར་གཏོང་དང་གློག་ཤུགས་སླར་གསོ་བྱེད་བཞིན་ཡོད།

    ཚེས་17ཉིན་དང་ཚེས་18ཉིན། བོད་ལྗོངས་འབྲོང་པ་རྫོང་དུ་གངས་ཆེན་པོ་བབས་ནས་རྫོང་ཁོངས་ཀྱི་རྒྱལ་ལམ་219རྒྱུད་དུ་གངས་གསོག་ཐེབས་པ་དང་འཁྱགས་པ་ཐེབས་པའི་གནས་ཚུལ་ཐོན་ཞིང་། མིག་སྔར་འབྲོང་པ་རྫོང་དུ་གནོད་འཚེའི་གནས་ཚུལ་ཐོན་མེད། འོན་ཀྱང་གཞུང་ལམ་དུ་གངས་གསོག་ཐེབས་པ་དང་འཁྱགས་པ་ཐེབས་པའི་སྣང་ཚུལ་ཐོན་ཡོད། འབྲོང་པ་རྫོང་གིས་ཉིན་གཉིས་ནང་ཉེན་རྟོག་པ་མི་ཐེངས་66དང་ཉེན་རྟོག་རླངས་འཁོར་12ཀྱིས་གངས་གཤོང་རོགས་དང་ཉེན་ཁའི་གནས་སུ་གྱར་བའི་རླངས་འཁོར་འདོན་རོགས་བྱས་ཡོད། ད་ཆ་འབྲོང་པ་རྫོང་དུ་རླངས་འཁོར་དང་མི་སྣ་གཅིག་ཀྱང་གངས་ཀྱི་ཁྲོད་དུ་ལུས་མེད་པ་དང་། རྒྱལ་ལམ་ཤར་གཏོང་ཐུབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་18ཉིན་གྱི་སྔ་དྲོ། སྐྱིད་གྲོང་རྫོང་གྲོང་དུ་གངས་འབབ་མཚམས་ཆད་པ་དང་། རྫོང་གྲོང་དུ་གངས་མཐུག་ཚད་ལི་སྨི་20ཙམ་བབས་ཡོད། རྫོང་ཡོངས་ཀྱི་ཆ་སྙོམས་གངས་འབབ་ཚད་མཐུག་ཤོས་ཡིན་པའི་ས་ལེ་ཤང་དུ་གངས་མཐུག་ཚད་ལི་སྨི་75ཙམ་བབས་ཡོད། སྐྱིད་གྲོང་རྫོང་དུ་ཁང་པ་ལོག་པ་དང་། མི་སྣ་དང་སྒོ་ཕྱུགས་ཤི་རྨས་དང་བོར་བརླག་སོང་བ་སོགས་ཀྱི་གནས་ཚུལ་གང་ཡང་ཐོན་མེད། གངས་ཆེན་པོ་མ་འབབ་གོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འཕྲལ་སྡོམ་ཟས་རིགས་དང་། འབུད་ཤིང་། གཟན་རྩྭ་སོགས་ཤང་དང་གྲོང་རྡལ་6ལ་སྤྲད་པ་རེད། མིག་སྔར། ས་དགའ་རྫོང་ཁོངས་སུ་བསྟུད་མར་གངས་སིམ་སིམ་བབས་ནས་ས་ཆ་ཁག་གཅིག་ཏུ་གངས་མཐུག་ཚད་ལི་སྨི་20ཙམ་བབས་པ་དང་། རྒྱལ་ལམ་349ས་དགའ་ལམ་དུམ་དུ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་རེད།


    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།