[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>བོད་ལྗོངས་བརྙན་རིས།
  • རྟ་རྒྱུག་གི་སྟོན་མོ་བཤམས་། བྱང་ཐང་གི་ཉམས་བཟང་མངོན།

    —— 2019ལོའི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་གྱི་མཐོང་ཐོས།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-21

    2019ལོའི་ཟླ་8ཚེས་8ཉིན་ནི་ལོ་གཅིག་དུས་གཅིག་གི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་ཡིན་ཞིང་། འབྲོག་པ་མང་ཚོགས་ཀྱིས་ཆར་ཟིམ་བབས་པར་མི་བལྟོས་པར་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ། རྟ་རྒྱུག་གི་སྟོན་མོ་འགོ་འཛུགས་རྒྱུར་བསྒུགས་ནས་འདུག

    གྲགས་ཆེ་བའི་རོལ་དབྱངས་ཀྱི་འགྱུར་ཁུག་དང་འཁྲབ་སྟོན་པའི་སྟངས་སྟབས་ཁྲོད། “འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་དངོས་སུ་འགོ་ཚུགས།

    “སྔོན་ཆད་དང་བསྡུར་ན། ད་ཆའི‘འདམ་སྤྱི་རིམ’རྟ་རྒྱུག་དུས་ཆེན་ནི་རྟ་རྒྱུག་ཁོ་ན་མ་ཡིན་པར་དམངས་ཁྲོད་རིག་གནས་བརྒྱུད་སྤེལ་དང་ལུས་རྩལ་འགྲན་བསྡུར་དར་སྤེལ། སྤྲོ་འཆམ་ཡུལ་སྐོར་འཕེལ་རྒྱས། ཚོང་འདུས་བཅས་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་དག་གཙོ་བོ་ཞིག་ཡིན་ཞིང་། དེའང་ལོ་རྒྱུས་ཡུན་རིང་ལྡན་པའི་སྐར་ཁུང་ཞིག་དང་འདྲ་བར་འཛམ་གླིང་གི་ཡུལ་སྐོར་བས་སྐར་ཁུང་དེ་ནས་འདམ་གཞུང་གི་རིག་གནས་ལ་རྒྱུས་ལོན་དང་མྱོང་རོལ་བྱེད་ཐུབ”ཅེས་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་སྤེན་རྒོད་ཀྱིས་བརྗོད།

    སྡིངས་ཆའི་ཐོག་གི་འཁྲབ་སྟོན་ལྟད་མོ་ཆེ་ལ། སྡིངས་ཆའི་གཤམ་གྱི་ལྟད་མོ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས་ཁར། རྟ་རྩལ་དང་རིག་རྩལ་འཁྲབ་སྟོན་གྱིས་དུས་ཆེན་གྱི་རྣམ་པ་དེ་བས་འཁྲུག་ཆ་དོད་དུ་བཏང་བས་ཡུལ་སྐོར་བའི་དགའ་བསུ་དང་དགའ་འབོད་ཚད་མེད་ཐོབ། དེ་ལས་ཀྱང་ལྟད་མོ་ཆེ་བ་ནི་ཉིན་འགའི་རིང་གི་རྟ་རྒྱུག་འགྲན་བསྡུར་ཡིན་ཞིང་། རྟ་རྒྱུག་ཐང་དུ་རྟ་པ་ཚོས་རྟ་ཕོ་ལྕག་གིས་བསྐུལ་ཏེ། གཅིག་ལ་གཅིག་འགྲན་གྱིས་རྟ་རྩལ་ངོམ་བཞིན་བྱང་རྩྭ་ཐང་ཕོ་རྒོད་ཀྱི་ཉམས་བཟང་མ་ལུས་ངོམས་པར་བྱས། རྟ་རྒྱུག་ཐང་གི་གཞོགས་གཉིས་སུ་འཁོད་པའི་ལྟད་མོ་བ་ཚོས་ཀི་སྒྲ་སྒྲོག་བཞིན་རང་ཉིད་ནས་དགའ་མོས་བྱེད་པའི་རྟ་པར་ངར་སློང་ཞིང་། རྟ་ཕོའི་རྨིག་སྒྲ་དང་ལྟད་མོ་བའི་ཀི་སྒྲ་ཡིས་རྟ་རྒྱུག་ཐང་གི་ནམ་མཁའ་འགེངས་བར་བྱས།

    རྟ་རྒྱུག་གི་ཞོར་དུ་དེ་སྔ་མང་ཚོགས་ཚོས་དགའ་པོ་བྱེད་པའི་ཚོང་འདུས་ཡོད་པ་ཕུད། ད་དུང་། ཁྱད་ལྡན་གྱི་རིག་གནས་ཐོན་རྫས་ཀྱང“འདམ་སྤྱི་རིམ”གྱི་བཀྲག་མདངས་འཚེར་ས་ཞིག་རེད།

    ལྷ་ས་ལས་ཀྱང་ས་བབ་མཐོ་བའི་འདམ་གཞུང་ནི་སྐར་ཚོགས་དང་དེ་བས་ཐག་ཉེ་ཞིང་། འདམ་གཞུང་གི་མཚན་དགུང་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ལྡན། སྦྲ་གུར་གྱི་དབུ་ཐོད་ནས་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་བ་ནི་ནམ་མཁའི་སྐར་ཚོམ་གྱི་ཞིང་དུ་འཁྱུད་ལ། ཞལ་ཟས་རོ་བརྒྱ་ཡི་དྲི་ཞིམ་ནི་སྦྲ་གུར་གྱི་གསེང་ནས་མཐའ་འཁོར་དུ་ངང་གིས་འཐུལ་འོང་། མི་རྣམས་ཀྱིས་སྦྲ་གུར་དུ་དགའ་སྤྲོ་འཁོལ་བའི་སྒོར་གཞས་འཁྲབ་ཅིང་། འགྱུར་ཁུག་སྙན་པའི་འབྲོག་གླུ་བླངས་ཏེ་རྟ་རྒྱུག་དུས་ཆེན་གྱི་རྫོགས་ལྡན་དུས་བཟང་དེར་ཅི་དགར་རོལ།

    653024_yis_1565864609185.jpg

    ཁྱད་ལྡན་རྒྱན་གོས་དུས་སྟོན་དེ་ཡི་རྒྱན།

    653018_yis_1565864607295.jpg

    རྟ་རྩལ་ངོམ་བཞིན་རྒྱལ་ཁའི་ཕྱོགས་སུ་ཤོར།

    653019_yis_1565864607765.jpg

    གཅིག་ལ་གཅིག་འགྲན་རྟ་རྒྱུག་ལྟད་མོ་ཆེ།

    653020_yis_1565864608075.jpg

    གཟབ་མཆོར་ལེགས་སྤྲས་རྟ་རྒྱུག་སྟོན་མོ་བསུ།

    653023_yis_1565864608925.jpg

    རྩྭ་ཐང་བུ་མོའི་ཤེད་ཤུགས་ཉམས་མི་སྲིད།

    653025_yis_1565864609705.jpg

    གྲ་སྒྲིག་འཕྱུགས་མེད་རྒྱལ་ཁ་ལེན་དང་མཚུངས།

    653022_yis_1565864608645.jpg

    རྟ་པའི་བཞིན་ལས་སྐྱིད་པའི་ཉམས་བཟང་མངོན།

    653026_yis_1565864609955.jpg

    པར་ཞིག་བླངས་ནས་མི་ཚེའི་དྲན་རྟེན་བྱས།

    653021_yis_1565864608375.jpg

    རྟ་ཕོ་ཁྲིད་ནས་ཛ་དྲག་འགྲན་རར་ཐོན།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།