[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • རི་འཛེག་མྱུལ་དཔྱད་བྱས་ནས་མི་ཚེའི་རིན་ཐང་མངོན།

    “ལུས་རྩལ་ཡུལ་སྐོར”གྱི་འཚོལ་ཞིབ་པ་ལིའུ་པའེ་ལིང་གི་སྐོར་བཀོད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   གསར་འགོད་པ། ཝང་ཆིན་ཨོའུ་དང་སྐལ་བཟང་དཔལ་འབྱོར།    |    སྤེལ་དུས།   2018-10-10

    556376_yis_1539061333215_s.jpg

    ཟླ་10ཚེས་4ཉིན་གངས་ཤུད་ལ་དགའ་བ་དང“ལུས་རྩལ་ཡུལ་སྐོར”གྱི་འཚོལ་ཞིབ་པ་ལིའུ་པའེ་ལིང(གཡོན)གིས་བོད་རང་སྐྱོང་ལྗོངས་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱི་ནོར་སྟོད་ལའི་གངས་འདབས་སུ་སྦྱོང་བརྡར་བྱས་པ་དང་དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5700ཡོད། ཉེ་འགྲམ་གྱི་རི་བོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་6010ཡོད་པའི་ནོར་སྟོད་ལའི་རྩེ་མོ་ཡིན་པ།

    གལ་སྲིད་ལིའུ་པའེ་ལིང་གིས་སྐད་ཆ་མ་བཤད་ཚེ་ཁོང་མཚོ་བོད་ས་མཐོར་འཚར་ལོངས་བྱུང་བ་ཞིག་རེད་སྙམ་སྲིད།

    བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་བཅུ་དྲུག་པའི་གངས་ཤུད་རི་འཛེག་རྣམ་གྲངས་ཀྱི་སྒར་ཁུལ་ཏེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5600ཡོད་པའི་ནོར་སྟོད་ལར་གསར་འགོད་པས་ཐེངས་དང་པོ་ཁོང་མཐོང་། ལིའུ་པའེ་ལིང་གི་ཤ་མདོག་ནག་པས་ཉེ་འགྲམ་གྱི་ལོ་མང་རི་མཐོའི་སྦྱོང་བརྡར་ལས་ལ་ཞུགས་མཁན་བོད་རིགས་རྩལ་ཁྲིད་པ་དང་གཅིག་པ་རེད་འདུག སྐད་ཆ་ཞིབ་ཕྲ་འདྲི་སྐབས་ཁོང་གིས་རང་ཉིད་ཧུའུ་ནན་བ་ཡིན་པ་དང་ད་ཆ་ཧང་ཀྲོའུ་རུ་སྡོད་ཀྱི་ཡོད། ལྷོ་ཕྱོགས་ཀྱི་མི་འཁྲུལ་མེད་ཅིག་ཡིན་ཞེས་བཤད་བྱུང་།

    ཕྱི་རོལ་གྱི་ལུས་རྩལ་དང་ལྷག་པར་དུ་གངས་ཤུད་ལ་ཧ་ཅང་དགའ་པོ་ཡོད་པའི་ལིའུ་པའེ་ལིང་གི་ཤ་མདོག་རྦད་དེ་ནག་པོར་གྱུར་པ་དང་། མི་གཞན་གྱི་མིག་ལམ་གྱི་མི་ཚེ་གཞན་ཞིག་སྐྱེལ་འགོ་ཚུགས་མོད། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་མི་ཚེ་སྐྱེལ་སྟངས་དེར་དགའ་པོ་བྱེད་ཀྱི་ཡོད།

    འདི་ལོ་ལོ་38ལ་སླེབས་པའི་ལིའུ་པའེ་ལིང་གིས་གངས་ཤུད་གློད་ནས་ལོ་10ལྷག་ཙམ་འདས། དང་ཐོག་མ་ཕྱི་རོལ་གྱི་ལུས་སྦྱོང་དེ་ཁོང་གི་དགའ་ཕྱོགས་མིན། སྐབས་དེ་དུས་ཁོང་ལ་རང་ཉིད་ཀྱི་ཕྱི་ཕྱོགས་ཉོ་ཚོང་ཀུང་སི་ཞིག་ཡོད་པ་དང་ལས་ཀའི་ཞོར་དུ་དུས་བཀག་ལྟར་སྦྱོང་བརྡར་དང་ཡུལ་སྐོར་ལ་སྐྱོད་ཀྱི་ཡོད།

    “རྗེས་སུ་ངས་གངས་ཤུད་གློད་རྒྱུ་དྲན་བྱུང”ལིའུ་པའེ་ལིང་དེ་གོང་གྲོགས་པོ་དང་མཉམ་དུ་ཡོ་རོབ་ཏུ་གངས་ཤུད་ཐེངས་མང་གློད་མྱོང་ཡོད། སྐབས་དེ་དུས་གངས་ཤུད་གློད་རྒྱུ་དེ་དར་སྲོལ་ཞིག་ཡིན་རུང་ད་ཆ་བཞིན་འཕེལ་རྒྱས་ཆེན་པོ་བྱུང་མེད། ལིའུ་པའེ་ལིང་ལ་རྒྱལ་ནང་དུ་ཆེད་ལས་ཕྱི་རོལ་ཡུལ་སྐོར་གྱི་གཞི་ཁྱོན་སྒྲིག་གཞིའི་དགོས་མཁོ་ཡོད་པའི་སྣང་བ་ཞིག་བྱུང་།

    “དེ་སྔའི་ལམ་དུ་སླར་ཡང་སྐྱོད་ཐབས་བྲལ་བས་སེམས་ཐག་རྦད་དེ་བཅད་ན་དགའ”སྙམ་ནས་ལིའུ་པའེ་ལིང་གིས་དེ་སྔའི་ཀུང་སི་སྒོ་བརྒྱབ་སྟེ་ཡོ་རོབ་རི་ཁུལ་གྱི་གངས་ཤུད་ཡུལ་སྐོར་ལ་དམིགས་པའི་སྒྲིག་གཞི་ཞིག་བཙུགས་པ་རེད།

    “ལུས་རྩལ་ཡུལ་སྐོར”ལ་དེ་ཙམ་གྱིས་དོ་སྣང་ཆེན་པོ་མེད་པའི་ལོ་རབས་སུ་ལིའུ་པའེ་ལིང་གི་བྱེད་སྟངས་དེ་དངོས་འབྲེལ་བསམ་ཡུལ་ལས་འདས་པ་ཞིག་རེད།

    ལས་སྒོའི་གཞི་ཁྱོན་ཆེན་པོ་མེད་རུང་ལུས་རྩལ་པ་ཁག་གཅིག་གི་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་འོག་འཁོར་རྒྱུག་ཐུབ། དེ་བས་གལ་ཆེ་བ་ཞིག་ནི་གྲོང་ཁྱེར་གྱི་གངས་ཤུད་ར་བ་ནས་གངས་རིར་དངོས་སུ་བསྐྱོད་པས་ལིའུ་པའེ་ལིང་གིས་རང་ཉིད་ཀྱི་མི་ཚེའི་སྒོ་མོ་དང་པོ་དེ་ཕྱེ་ཡོད།

    “བློ་ཁོག་ཆེན་པོ་མེད་ཚེ་གངས་ཤུད་གློད་ཐབས་བྲལ། ཁྱེད་ཀྱིས་ངེས་པར་དུ་སྐབས་ཤིག་རིང་གྱེན་ཐུར་ལ་མི་སྐྲག་པའི་བསམ་བློ་ཁྱད་གསོད་བྱེད་དགོས”

    ཨར་ཕེ་སའི་རི་ཁུལ་གྱི་གངས་འདབས་ནས་གངས་ཤུད་ཐེངས་རེ་རེ་བཞིན་གློད་པ་དང་གྱེན་གཟར་པོ་མེད་པ་ནས་གྱེན་ཅུང་གཟར་པོ་དང་དེ་བས་གཟར་བའི་གྱེན་ནས་གངས་ཤུད་གློད་སྐབས་ལིའུ་པའེ་ལིང་གིས་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་མཐོང་ལ་དེའི་ཁྲོད་ནས་སྤྲོ་སྣང་ཞིག་ངང་གིས་སྐྱེས།

    ཁོང་གིས་ཚོར་སྣང་དེ་ནི་ཚེ་སྲོག་གསར་པ་ཞིག་གི་འགོ་ཚུགས་པ་དང་གཉིས་སུ་མ་མཆིས་ཞེས་བཤད།

    ཁོང་གིས་སེམས་ནུས་ཡོད་རྒུས་ཕྱི་རོལ་ལུས་རྩལ་གྱི་ལས་ལ་གཞོལ་འགོ་ཚུགས། དབྱར་ཁར་ཁོང་གིས་ཧང་ཀྲོའུ་རུ་ཆུ་ཐོག་ལུས་རྩལ་རྩེ་བ་དང་དགུན་ཁར་སྐུ་མགྲོན་ཁྲིད་ནས་ཕྱི་རྒྱལ་དུ་གངས་ཤུད་གློད་པར་འགྲོ་གི་ཡོད།

    གངས་རི་སྤྱིར་ན་མཐོང་རྒྱུ་མེད་པའི་ལྷོ་ཕྱོགས་སུ་ལིའུ་པའེ་ལིང་གིས་གངས་ཤུད་གློད་པའི་གོ་སྐབས་ལ་གཅེས་སྤྲས་ལྷག་པར་བྱེད་པ་དང་། འདི་ལོའི“རྒྱལ་སྟོན”རིང་ཁོང་གཅིག་པུ་བོད་དུ་བསྐྱོད་ནས་ལྷ་ས་དང་བོད་བྱང་ཐང་སྦྲེལ་མཚམས་ཀྱི་གཉན་ཆེན་ཐང་ལྷའི་རི་རྒྱུད་དུ་ས་བབ་མཐོ་བའི་གངས་འདབས་ནས་གངས་ཤུད་གློད་པ་རེད།

    ཁོང་ལ་རྒྱལ་ནང་དུ་ཕྱི་རོལ་ལུས་རྩལ་ལ་རྒྱུས་མངའ་དེ་ཙམ་ཆེན་པོ་མེད་པའི་སྣང་བ་ཞིག་བྱུང་། “ཡོ་རོབ་ཏུ་ཕྱི་རོལ་ལུས་རྩལ་ནི་གཞན་ལ་ངོམ་རིན་ཡོད་པའི་ལུས་སྦྱོང་ཞིག་ཡིན་པ་མ་ཟད། མི་རྣམས་ཀྱི་འཚོ་བ་དང་འབྲེལ་འདྲིས་དམ་ཟབ་ཡོད། ང་ཚོས་བདེ་འཇགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་འདུག རང་བྱུང་ཁམས་སུ་བསྐྱོད་ནས་དངོས་འབྲེལ་གྱི་ཉེན་ཁར་འགྲན་སློང་བྱས་ཚེ་འགན་འཁུར་གྱི་བདེ་འཇགས་འདུ་ཤེས་ཤིག་འཇགས་ཐུབ་པ་དང་ཕྱི་རོལ་གྱི་སྣེ་ཤན་པར་བརྩི་བཀུར་ཐུབ་ནས་ཁོང་ཚོའི་ལས་ཀའི་དོན་སྙིང་ལ་ཁས་ལེན་ཐུབ་ཀྱི་རེད”ཅེས་བཤད།

    ལིའུ་པའེ་ལིང་གིས་ཀྲུང་གོ་བ་སྔར་བས་མང་བའི་སྣེ་ཁྲིད་དེ་བྱེད་སྟངས་མི་འདྲ་བར་བརྟེན་ནས་ཕྱི་རོལ་དུ་བསྐྱོད་རྒྱུའི་རེ་བ་བྱེད་ཀྱི་ཡོད། ཁོང་གིས་བོད་ཡོ་རོབ་ལས་ལྷག་པའི་ཕྱི་རོལ་གྱི་གནས་མཆོག་ཅིག་ཏུ་འགྱུར་ཐུབ་པའི་ཡིད་ཆེས་བྱེད་པ་དང་གནམ་དང་ཐག་ཉེ་ཤོས་ཀྱི་རི་རྩེ་ལས་རང་ཉིད་ཀྱི་གངས་ཤུད་གློད་རྩལ་སྔར་བས་ལེགས་སུ་འགྲོ་བའི་ཡིད་ཆེས་བརྟན་པོ་ཡོད་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་10ཚེས་8ཉིན་འབྱོར་བའི་གློག་འཕྲིན།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།