[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • དཀའ་སྤྱད་བློ་རིག་བཀྲ་བའི་གནས་ཆུང་། ཁྱིམ་གཞིས་གསར་པའི་བདེ་སྐྱིད་འཚོ་བར་རོལ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2018-08-05

    མངོན་མིན་རིག་གནས་ཤུལ་བཞག་ལས་འཕྲོས་པའི་ལོ་རྒྱུས་ཀྱི་དུམ་བུ་ཞིག

    537995_yis_1533116881278.jpg

    འདི་ནི་གནས་ཆུང་གྲོང་རྡལ་རྒྱ་མོ་གྲོང་ཚོའི་དཔྱིད་གསར་མཉམ་སྤྲོའི་སྒོར་གཞས་འགྲན་བསྡུར་བྱ་ཡུལ་ཡིན་པ།

    “སྐྱོར་མོ་ལུང་ལྷ་མོའི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་སྲུང་སྐྱོང་ལྟེ་གནས”སུ་སྐྱོད་སྐབས་སྐྱོར་མོ་ལུང་ལྷ་མོ་རུ་ཁག་གིས་ལྷ་མོའི་འཁྲབ་གཞུང་བརྒྱད་ཀྱི་ཡ་གྱལ《འགྲོ་བ་བཟང་མོ》ནང་སྦྱོང་བྱེད་པ་དང་ཏག་ཏག་འཁེལ་འདུག

    ལྷ་མོའི་འབྱུང་ཁུངས་ཀྱི་གྲས་ཤིག་ཡིན་པའི་གནས་ཆུང་གྲོང་རྡལ་སྦྱར་རགས་གྲོང་ཚོའི་སྐྱོར་མོ་ལུང་ལྷ་མོ་ཚོགས་པར་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྐད་གྲགས་ཆེན་པོ་ཡོད། དེ་ནི་དྭངས་བཟང་དང་། མིག་དམར་རྒྱལ་མཚན། བཀྲ་ཤིས་དོན་གྲུབ་སོགས་སྒྱུ་རྩལ་པ་མི་རབས་འགའ་ཤས་ཀྱི་དཀའ་སྤྱད་འབད་འཐབ་འོག་རིམ་བཞིན་དར་རྒྱས་བྱུང་བ་ཞིག་རེད།

    བསྟན་དར་ནི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག(སྐྱོར་མོ་ལུང་ལྷ་མོ་ཚོགས་པ)གི་རྒྱུན་འཛིན་པ་ཡིན་ཞིང་། ལྷ་མོ་ཚོགས་པར་ཞུགས་ནས་ད་བར་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཞེས་པའི་དཔེ་ལྟར་བྱས་ཡོད། ཁོང་གིས་དུས་རབས་གོང་མའི་ལོ་རབས་90པར་ཁྲོམ་རའི་དཔལ་འབྱོར་གྱིས་སྲོལ་རྒྱུན་ཐབས་ཤེས་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་ལྷ་མོར་ཤུགས་རྐྱེན་ཆེན་པོ་ཐེབས་པ་དང་། ཚོང་གཉེར་ཡག་པོ་མ་བྱུང་བ་སོགས་ཀྱི་རྐྱེན་པས་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་ཐོར་ལ་ཉེ་བའི་གནས་སུ་གྱར་བ་རེད་ཅེས་དྲན་གསོ་བྱེད་བཞིན་བཤད།

    2000ལོ་ནས་བཟུང་ཆུང་བདག་དང་ཁོང་གི་གྲོགས་མོ་སྒྲོལ་མས་ལྷ་མོ་རུ་ཁག་འགན་གཙང་བླངས་ཏེ་ཡང་བསྐྱར་ལྷ་མོ་འཁྲབ་ཏུ་བཅུག ཐོག་མར་འཁྲབ་མཁན་བཅུ་གྲངས་འགའ་ཤས་ལས་མེད་ལ། ལོ་གཅིག་གི་ཡོང་འབབ་ཀྱིས་གླ་ཆ་ཡང་འདང་གི་མེད།

    རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཁྱད་ལྡན་གྲོང་གསེབ་དང་གྲོང་རྡལ་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བའི་སྲིད་ཇུས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བ་དང་བསྟུན་ནས་སྐྱོར་མོ་ལུང་ལྷ་མོ་ཚོགས་པར་ཡང་བསྐྱར་འཕེལ་རྒྱས་ཀྱི་དཔྱིད་དཔལ་བཞད་ནས་བོད་ཀྱི་སྲོལ་རྒྱུན་གྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ཚང་མ་འཁྲབ་ཐུབ་པའི་ལྷ་མོའི་རུ་ཁག་དང་པོ་དེར་གྱུར།

    2002ལོར་སྦྱར་རགས་གྲོང་ཚོར་རང་སྐྱོང་ལྗོངས་སྲིད་གཞུང་གིས“ལྷ་མོའི་དམངས་ཁྲོད་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་པའི་མིང་བཏགས།

    2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྷ་མོ་འདི་ཉིད་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ཁག་དང་པོའི་ནང་འཇུག་རྒྱུའི་ཆོག་མཆན་གནང་བ་དང་། སྐྱོར་མོ་ལུང་ལྷ་མོའང་རྒྱལ་ཁབ་རིམ་པའི“མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་རྣམ་གྲངས”ནང་དུ་བཅུག་ཡོད། ནང་སའི་ཚོང་པའི་རོགས་རམ་འོག་ནང་སྦྱོང་བྱ་ཡུལ་གསར་དུ་བརྒྱབ་པ་དང་འཁྲབ་མཁན་ཡང་35བར་མང་དུ་ཕྱིན་ཏེ་ལོ་ལྟར་འཁྲབ་སྟོན་ཐེངས་300ལྷག་ཙམ་བྱེད་ཐུབ་པས་ཡོང་འབབ་ཀྱང་མི་དམན་པ་ཞིག་རག་གི་ཡོད།

    2011ལོར་ལྷ་མོ་ཚོགས་པར“བོད་རང་སྐྱོང་ལྗོངས་མངོན་མིན་རིག་གནས་ཤུལ་བཞག་གི་ཁྲིད་སྦྱོང་རྟེན་གཞིའི”མིང་བཏགས་པ་མ་ཟད། ལྷ་མོའི་འགྲན་བསྡུར་ཆེ་མོའི་ནང་བྱ་དགའ་ཡང་ཐེངས་མང་ཐོབ་མྱོང་ཡོད།

    2014ལོའི་ཟླ་8པར་སྐྱོར་མོ་ལུང་ལྷ་མོ་ཚོགས་པ་སྦྱར་རགས་གྲོང་ཚོ་ཨུ་ལྷན་གྱིས་རྩིས་བླངས་པ་མ་ཟད། ཀུང་སིའང་བཙུགས་ཏེ“བོད་ལྗོངས་གནས་ཆུང་གྲོང་རྡལ་སྐྱོར་མོ་ལུང་ལྷ་མོ་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི”ཞེས་པའི་མིང་བཏགས།

    བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་དོ་དམ་སྲུང་སྐྱོང་དེ་བས་ཚད་ལྡན་དང་ལུགས་མཐུན་ཡོང་བ་བྱ་ཆེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་ཀའི་སྲིད་ཇུས་དང་བྱ་ཐབས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་ཆེད་དོན་མ་དངུལ་བཏང་ཡོད། ལྷ་ས་གྲོང་ཁྱེར་དང་སྟོད་ལུང་བདེ་ཆེན་ཆུས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་སྐྱོར་མོ་ལུང་ལྷ་མོ་རུ་ཁག་གིས་འཁྲབ་ཆས་སྐྱེལ་འདྲེན་རླངས་འཁོར་དང་། འཁྲབ་ཆས། སྒྲ་སྒམ་སོགས་ཉོས་པ་དང་། ད་དུང་ལོ་ལྟར་ལྗོངས་ནང་ཁུལ་ནས་རིགས་གཅིག་མཁས་ཅན་ན་གཞོན་ལྷ་མོ་འཁྲབ་མཁན་ཚོར་མཛུབ་ཁྲིད་བྱེད་པར་གདན་དྲངས་ཀྱི་ཡོད།

    ཐོན་ལས་ཤིག་གིས་ཡུལ་གཅིག་ཕྱུག་པོར་གྱུར།

    གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོའི་སྐོར་གླེང་སྐབས་མི་མང་པོ་ཞིག་གིས་འདི་གའི་སྔོ་ཚལ་འདེབས་འཛུགས་ཡག་པོ་ཡོད་ཚུལ་ཡིད་ལ་ཝ་ལེར་འཆར་སྲིད། དང་ཐོག་སྔོ་ཚལ་འདེབས་འཛུགས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། ད་ཆ་སྟོད་ལུང་བདེ་ཆེན་ཆུས་ས་གཙང་བདེ་ཐང་ཐོན་ལས་ཁྲོད་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཏེ་སྒང་བདེ་གླིང་གྲོང་ཚོའི་མི་སེར་ལ་ཞིང་ཞོར་ཐོན་རྫས་ལས་ཁེ་ཕན་མང་པོ་བྱུང་ཡོད།

    2001ལོའི་ཟླ་9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྷ་སའི་དཔལ་འབྱོར་གསར་སྤེལ་ཁུལ་དེ་ཉིད་རྒྱལ་ཁབ་རིམ་པའི་གསར་སྤེལ་ཁུལ་ལ་ཆོག་མཆན་གནང་བ་དང་སྦྲགས་དེ་Aཁུལ་དང་Bཁུལ་གཉིས་སུ་ཕྱེ་ཡོད།

    དཔལ་འབྱོར་གསར་སྤེལ་ཁུལ་གྱི་Bཁུལ་གནས་ཆུང་གྲོང་རྡལ་ཁོངས་སུ་གནས་པའི་ལེགས་ཆར་གཞིགས་ཏེ་གནས་ཆུང་གྲོང་རྡལ་ཏང་ཨུད་དང་སྲིད་གཞུང་གིས་གོ་སྐབས་དམ་འཛིན་བྱས་ནས། ཞིང་འབྲོག་པ་གསར་དར་ཐོན་ལས་ཀྱི་བཟོ་པར་འགྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། ས་ཞིང་ཤོར་བའི་ཞིང་འབྲོག་མང་ཚོགས་ལ་རྩལ་ནུས་གསོ་སྦྱོང་བྱེད་པ། ཚང་མའི་སྲོལ་རྒྱུན་གྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། ཞིང་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་པ་མགྱོགས་མྱུར་ལག་རྩལ་གཅིག་བྱང་ཆུབ་པའི་དེང་རབས་ཀྱི་ཐོན་ལས་བཟོ་པར་འགྱུར་བ་བྱས་ཡོད།

    2006ལོའི་ཟླ་7ཚེས་1ཉིན་ནི་དྲན་གསོ་བྱེད་འོས་པའི་ཉིན་མོ་ཞིག་རེད། མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པས། བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། མཚོ་བོད་ལྕགས་ལམ་ལྷ་སའི་ཟོག་འགྲེམས་བབས་ཚུགས་ནུབ་མ་གནས་ཆུང་གྲོང་རྡལ་དུ་བསྐྲུན་རྒྱུའི་གཏན་འཁེལ་བྱས་ཡོད།

    བབས་ཚུགས་ནུབ་མའི་ཟོག་འགྲེམས་ཀུང་སི་30ལྷག་ཙམ་ལ་ལས་བཟོ་མཁོ་ཆེ་བའི་གནས་ཚུལ་ལ་གཞིགས་ཏེ་གནས་ཆུང་གྲོང་རྡལ་གྱིས་ཡུལ་དེའི་ངལ་རྩོལ་ནུས་ཤུགས་ལྷག་མ་རྣམས་དབོར་འདྲེན་དང་། འབེབས་འཇུག སྐྱེལ་འདྲེན་སོགས་ལ་གཞོལ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱས་པས། ཡུལ་དེའི་མི་སེར་གྱི་དངུལ་སྨར་ཡོང་འབབ་འཕར་བ་དང་རང་ཁྱིམ་འགྲམ་དུ་ལས་ཞུགས་ཕྱུག་འགྱུར་གྱི་དམིགས་ཚད་མངོན་འགྱུར་ཐུབ་ཡོད།

    དེས་མ་ཟད། ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཟོག་འགྲེམས་གླིང་དེ་གར་བསྐྲུན་རྗེས། གནས་ཆུང་དེ་ཉིད“རྒྱུད་གཅིག་ལམ་གཅིག”བོད་ཡོངས་ལ་ཕྱོགས་པ་དང་རྒྱལ་སྒོ་ནས་དོན་སའི་ཟོག་འགྲེམས་ཀྱི་མཚམས་ཚིགས་ཤིག་ཏུ་འགྱུར་ངེས་རེད།

    “གོམ་སྟབས་རྗེས་མར་ང་ཚོས་སྟོད་ལུང་གྲོང་ཁུལ་གསར་པའི་འཛུགས་སྐྲུན་དང་། གནས་ཆུང་གྲོང་རྡལ་ཁྲོམ་གཞུང་དུ་བསྒྱུར་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་གསུམ་པའི་དཔལ་འབྱོར་མཉམ་འབྲེལ་ཚོགས་པ་ཧུར་ཐག་གཏོད་པ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ཆུ་ཚད་སྔར་བས་མཐོ་རུ་བཏང་སྟེ་གྲོང་རྡལ་ནས་ཁྲོམ་གཞུང་དང་གྲོང་གསེབ་ནས་གྲོང་ཁྱེར་བར་འཕེལ་རྒྱས་མྱུར་པོ་ཡོང་བ་བྱ་རྒྱུ་ཡིན”ཞེས་གནས་ཆུང་གྲོང་རྡལ་གྱི་ཀྲེན་ཀྲང་རེན་ཝུའེ་ཡིས་བཤད།

    537998_yis_1533116883821.jpg

    འདི་ནི་ཞང་ཞུང་མེ་ཏོག་སྣོད་བཅུད་ཡུལ་སྐོར་རིག་གནས་ཐོན་ལས་གླིང་གི་ཟམ་ཆེན་ཡིན་པ།

    537996_yis_1533116881840.jpg

    འདི་ནི་གནས་ཆུང་གྲོང་རྡལ་སྒང་བདེ་གླིང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་རྟེན་གཞིའི་ནང་ཐོན་སྐྱེད་རྩལ་ནུས་ཀྱི་འགྲན་བསྡུར་ཆེ་མོ་བྱེད་བཞིན་པ།

    537997_yis_1533116882854.jpg

    འདི་ནི་གནས་ཆུང་གྲོང་རྡལ་གནས་ཆུང་གྲོང་ཚོའི་བདེ་སྡོད་ཁུལ་ཆུང་གི་གྲགས་པ་དབང་ལྡན་གྱིས་མེ་ཏོག་ལ་ཆུ་རྒྱག་བཞིན་པ།

    ཁྱིམ་ཚང་ཞིག་གི་དྲན་འཆར།

    “ད་ཆ་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་ཕྱིན་ཡོད། དེ་ཚོ་ཚང་མ་གུང་ཁྲན་ཏང་གི་བཀའ་དྲིན་རང་རེད། བོད་རྙིང་པའི་མུན་ནག་གི་སྤྱི་ཚོགས་སུ་ང་ཚོ་རྒན་རབས་ཚོས་རྟ་ཟོག་སེམས་ཅན་ལྟར་གྱི་འཚོ་བ་བསྐྱལ་ནས་ཡོང་བ་རེད”ཅེས་གནས་ཆུང་གྲོང་རྡལ་གནས་ཆུང་གྲོང་ཚོའི་བདེ་སྡོད་ཁུལ་ཆུང་གི་སྒོ་རའི་ནང་ལོ་74ལ་སླེབས་པའི་བགྲེས་སོང་གྲགས་པ་དབང་ལྡན་གྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ཐོག་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་རེད།

    1970ལོར་ཏང་ནང་ཞུགས་འདོད་ཆེ་བའི་གྲགས་པ་དབང་ལྡན་གྱིས་འབད་བརྩོན་ཧུར་ཐག་བྱས་པ་བརྒྱུད་གཞི་ནས་བསམ་འདུན་འགྲུབ། རྒྱུན་དུ་ལས་ཀར་ཧུར་སེམས་ཆེ་ལ་དཀའ་སྤྱད་སྙིང་རུས་ཆེ་བར་བརྟེན་གྲགས་པ་དབང་ལྡན་ལ་མང་ཚོགས་དང་གོང་རིམ་གྱི་ཁས་ལེན་ཐོབ་ཡོད། མི་དམངས་ཀུང་ཧྲེའི་སྐབས་སུ་ཁོང་གིས་གནས་ཆུང་ཀུང་ཧྲེའི་བདེ་འཇགས་ཀྲུའུ་རེན་གྱི་འགན་འཁུར་བ་རེད།

    1983ལོའི་ཟླ་10པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《སྲིད་གཞུང་དང་སྤྱི་ཚོགས་རྩ་འཛུགས་ལོགས་སུ་དབྱེ་ནས་ཤང་སྲིད་གཞུང་འཛུགས་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ཏེ་ཤང་དང་གྲོང་རྡལ་གྱི་སྲིད་དབང་སྒྲིག་འཛུགས་སླར་གསོ་བྱས་ཏེ་སྲིད་གཞུང་དང་སྤྱི་ཚོགས་རྩ་འཛུགས་ལོགས་སུ་དབྱེ་བ་རེད།

    འཆར་གཞིའི་དཔལ་འབྱོར་དུས་རབས་མཇུག་འགྲིལ་རྗེས་དུས་རབས་གསར་པ་འགོ་ཚུགས་པའི་དུང་བརྡ་གྲགས། དེ་དུས་གྲགས་པ་དབང་ལྡན་སེམས་པ་རབ་རིབ་ཏུ་གྱུར་མྱོང་ཡང་། ཁོང་གིས་ལྟ་སྟངས་ལ་འགྱུར་ལྡོག་བཏང་བས་གོ་སྐབས་གསར་པ་རྙེད་པ་རེད། “1984ལོ་ནས་བཟུང་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོ་དང་། བོད་ལྗོངས་མགྲོན་ཁང་། ལྷ་ས་གསོལ་མགྲོན་ཁང་སོགས་གཙོ་གནད་རྣམ་གྲངས་དང་ལས་གྲྭ་འབོར་ཆེན་ཞིག་བསྐྲུན་འགོ་བཙུགས་པས། ལས་ཀ་བྱེད་མཁན་མང་པོ་དགོས་ཀྱི་ཡོད”ཅེས་གྲགས་པ་དབང་ལྡན་གྱིས་བཤད་པ་རེད།

    དེ་རྗེས་གྲགས་པ་དབང་ལྡན་གྱིས་རང་ཉིད་དང་བསམ་ཚུལ་གཅིག་མཚུངས་ཡིན་པའི་ལས་ཞུགས་དཔུང་ཆེན་དང་འགྲོགས་ཏེ་ལྷ་ས་གྲོང་ཁུལ་དུ་ཡོང་བས་ཕྱིར་ལས་ཀར་འགྲོ་མཁན་དང་པོའི་གྲས་སུ་གྱུར།

    སྐབས་དེ་དུས་རྒྱལ་ཁབ་ཀྱིས་བཏོན་པའི་གཟིགས་སྐྱོང་སྲིད་ཇུས་ཁག་གཅིག་ལ་བརྟེན་ནས་གྲགས་པ་དབང་ལྡན་གྱིས་དངུལ་བུན་གཡར་ཏེ“ཤར་ཕྱོགས་དམར”རྟགས་ཅན་གྱི་འདྲུད་འཐེན་འཁོར་ལོ་ཞིག་ཉོས་ནས་བྱེ་རྡོ་སྐྱེལ་འདྲེན་བྱས། ལོ་འགའ་ཤས་ནང་དངུལ་བུན་ཚང་མ་འཇལ་བ་མ་ཟད། ད་དུང་སྒོར་སྟོང་ཕྲག་འགའ་ཤས་ཀྱང་བསགས་ཐུབ་ནས་ཁྱིམ་ཆས་གསར་པ་དང་བརྙན་འཕྲིན་ཉོས། གྲགས་པ་དབང་ལྡན་གྱི་མྱོང་བ་དེ་སྐབས་དེ་དུས་གནས་ཆུང་གྲོང་ཚོའི་གྲོང་མི་ཚོའི་དཔེ་ལྟ་ས་དང་སློབ་སྦྱོང་བྱ་ཡུལ་དུ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།