[ English ] [ 中文 ]
0891-6325020
དབུ་ཤོག>པར་མཛོད།>པར་མཁན།
  • ཀྲིང་མོག་ཆུང་ཆུང་གིས་དབུལ་ཞྭ་ལྕི་པོ་ཕུད།

    ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་རྫིང་ཕྱི་ཤང་རྫིང་ཕྱི་གྲོང་ཚོའི་བློ་བཟང་ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ་བྱུང་བའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུརདྲ་བ།    |    རྩོམ་པ་པོ།   གསར་འགོད་པ། རྣམ་གླིང་རིན་ཆེན། ནོར་དཀྱིལ་བུ་ཆུང་རྒྱལ། བཀྲ་ཤིས། དཔལ་མཆོག    |    སྤེལ་དུས།   2018-05-16

    511850_yis_1526359608319_s.jpg

    འདི་ནི་བློ་བཟང་གིས་འཛད་སྤྱོད་པར་རང་གིས་བཟོས་པའི་ཀྲིང་མོག་འཚོང་བཞིན་པ།

    མདུན་དུ་གངས་རི་འུ་དེ་གུང་རྒྱལ་རྔམ་བརྗིད་ལྡན། རྒྱབ་ཏུ་མཚོ་མོ་གཟི་བྱིན་ལྷ་མཚོ་ལྟ་ན་སྡུག ཡངས་ཤིང་མུ་མཐའ་བྲལ་བའི་ཀུན་བདེ་གླིང་རྩྭ་ཐང་གི་འདབས་སུ་ཆགས་པའི་རྫིང་ཕྱི་གྲོང་ཚོ་ནི་ཟངས་རི་རྫོང་དང་བར་ཐག་སྤྱི་ལེ་60ཙམ་གྱི་བྱང་ཕྱོགས་སུ་གནས་ཤིང་། བྱང་ངོས་མལ་གྲོ་གུང་དཀར་དང་། ཤར་ངོས་རྒྱ་ཚ་རྫོང་དང་འདྲེས་ཡོད་པ་རེད། དེ་འདྲའི་མཛེས་ཤིང་ཡིད་དུ་འོང་བའི་རང་བྱུང་སྣོད་བཅུད་ཀྱི་ཁོར་ཡུག་ཁྲོད་དུ་ང་ཚོའི་སེམས་པ་སྐད་ཅིག་ཉིད་དུ་ལྷོད་ཤིག་ཤིག་དང་དགའ་བ་འབུམ་གྱིས་མྱོས་པར་བྱེད་མོད། གནས་དེ་གའི་གྲོང་མི་བློ་བཟང་གིས་བརྒྱུད་མྱོང་བའི་སྔར་སོང་གི་ཉམ་ཐག་འཚོ་བའི་གཏམ་རྒྱུད་ཐོས་རྗེས། ང་ཚོའི་ཡིད་ཀྱི་ལྷ་ལམ་ཡངས་མོར་སྐད་ཅིག་ཉིད་དུ་སྐྱོ་གདུང་གི་སྤྲིན་ནག་ལང་ལོང་དུ་འཕྱུར་ལ། ཡང་ཁོང་གིས་ཡུན་རིང་མ་འགོར་བར་ལག་རྩལ་ལ་བརྟེན་ནས་གྱོན་མི་འདོད་པའི་དབུལ་ཞྭ་རྒྱང་རིང་དུ་བསྐྱུར་བའི་གཏམ་བཟང་ཐོས་པས། ང་ཚོའི་སེམས་པ་ནི་རྨ་བྱས་དབྱར་རྔ་ཐོས་པ་ལྟར་སྤྲོ་བ་རབ་ཏུ་བརྟས་ཏེ་ཁོང་གི་འཚོ་བའི་འཕོ་འགྱུར་དེ་ཉིད་འཕྲལ་མ་ཉིད་དུ་ཡིག་ཐོག་ཏུ་ཟིན་ཐོར་འགོད་རྒྱུའི་བྲེལ་འཚབ་ལངས།

    ལག་པ་བརྐྱངས་ནས་སྐྱོབ་གསོ་སྒུག ལག་རྩལ་ཞན་པས་ཡོང་འབབ་ཉུང་།

    ང་ཚོ“བདག་ཁྱིམ་གྱི་ལོ་40”ཡི་བཅར་འདྲི་ཚོགས་ཆུང་གྲོང་མི་བློ་བཟང་གི་ཁྱིམ་དུ་འབྱོར་རྗེས། ང་ཚོའི་མིག་མདུན་དུ་འཆར་བ་ནི་གྲོང་ཚོ་དེ་གའི་མང་ཚོགས་དང་ལས་བྱེད་པ་མང་པོ་ཞིག་གིས་འཚང་ཁ་ཤིག་ཤིག་ངང་ཀྲིང་མོག་ཉོ་བཞིན་པའི་སྣང་ཚུལ་དེ་རེད། གྲོང་མི་བློ་བཟང་གིས་བྱང་ཆ་ལྡན་པའི་ངང་རླངས་བཙོས་བརྒྱབ་ཟིན་པའི་དཀར་བོང་བོང་གི་མོག་མོག་རེ་རེ་བཞིན་འགྱིག་ཁུག་ནང་བླུགས་ཏེ་འཛད་སྤྱོད་པར་སྤྲོད་པ་དང་། འཛད་སྤྱོད་པ་དེ་དག་གིས་ཀྱང་རང་རང་གིས་ཉོས་པའི་མོག་མོག་གི་རིན་པ་ཆད་ལུས་མེད་པར་གྲོང་མི་བློ་བཟང་གི་ལག་ཏུ་སྤྲོད་ཀྱི་ཡོད། མོག་མོག་ཚོང་ཁང་འདི་རྒྱ་ཆེན་པོ་མེད་ལ། ཕར་བལྟས་པ་ཙམ་གྱིས་ནང་སེམས་སུ་གུ་དོག་པའི་སྣང་བ་ཞིག་ངང་གིས་སྐྱེས། ང་ཚོའི་བསམ་པར་དེ་ནི་ཁོང་གི་ཁྱིམ་ཚང་རེད་བསམས་ཀྱང་། སྐད་ཆ་དྲིས་པ་བརྒྱུད། ཁང་པ་དེ་ནི་ཁོང་གིས་གནས་སྐབས་གཞན་གྱི་ལག་ནས་གླས་པ་ཞིག་ཡིན་པ་གཞི་ནས་རྟོགས་ཤིང་། ད་ལྟ་ཁང་པ་གསར་པ་རྒྱག་བཞིན་པའི་སྒང་ཡིན་པས། མི་རིང་བར་ཁང་པ་གསར་པ་གླས་ཏེ་མོག་མོག་ཚོང་ཁང་གི་གཞི་རྒྱ་ཇེ་ཆེར་གཏོང་རྒྱུའི་འཆར་གཞི་བཏིང་ཡོད་པ་རེད།

    སྤྱི་ལོ་2013ལོའི་ཡར་སྔོན་དུ། ལོ་51ལ་སླེབས་པའི་བློ་བཟང་ཁྱིམ་ནི་གྲོང་ཚོ་དེ་གར་སྐད་གྲགས་ཆོད་པའི་དབུལ་པོའི་ཁྱིམ་ཚང་ཞིག་ཡིན། བཟའ་ཟླ་མགོན་པོ་ཆོས་སྒྲོན་རྣ་བ་འོན་པ་ཡིན་པའི་ཁར། ད་དུང་ཚབས་ཆེ་བའི་གྲུམ་བུའི་ནད་ཀྱིས་མནར་ཏེ་མལ་ཁྲིའི་ཐོག་ལུས་ནས་འགུལ་སྐྱོད་གཏན་ནས་བྱེད་མི་ཐུབ། ཁོང་ཁྱོ་ཤུག་གཉིས་ལ་ཕྲུ་གུ་3ཡོད་པ་ལས། བུ་རྡོ་རྗེ་ལོ་38ལ་སླེབས་ཀྱང་ཁྱིམ་ཚང་དབུལ་ཞིང་འཕོངས་པའི་རྐྱེན་གྱིས་མནའ་མ་ཞིག་ཀྱང་བསུ་མ་ཐུབ། དེའི་ཐོག་བུ་མོ་རྒན་པ་ཉི་མ་ཆོས་སྒྲོན་དང་། བུ་མོ་ཆུང་བ་གཡང་འཛོམས་ཀྱང་སློབ་གྲྭར་འགྲོ་བཞིན་ཡོད་པས། ཁྱིམ་ཚང་དེ་ཡི་ཕྱི་ཡི་ལྕགས་རི་ཟེར་ནའང་འདྲ། ནང་གི་ནོར་བུ་ཟེར་ནའང་འདྲ། གང་ལྟར་ཁྱིམ་ཚང་གི་ཁུར་པོ་ལྕི་པོ་དེ་ཁོང་གཅིག་པུའི་ཕྲག་ཐོག་ཏུ་བབས་ནས། མིག་མདུན་གྱི་དཀའ་སྡུག་འཚོ་བའི་གཉའ་གནོན་ཇི་ལྟར་གདུག་རྩུབ་ཆེ་ཡང་ཕྱིར་བཤོལ་དང་གཡོལ་ཐབས་གཏན་ནས་མ་བྱུང་། ལོ་ངོ་ཇི་སྙེད་ཅིག་ཁོང་གིས་དེ་ལྟར་ལག་གཉིས་པོས་སྐྱོབ་གསོ་སྒུག་ནས་འཚོ་བ་འཕྱིད་ཐབས་མ་བྱེད་ཀ་མེད་དུ་གྱུར། མ་གཞི་ཁོང་གིས་དཀའ་སྡུག་གི་འཚོ་བའི་མདུན་དུ་མགོ་བོ་སྒུར་ནས་མི་སྡོད་པར་ལས་ཡུལ་དུ་གླ་པར་སྐྱོད་དེ་ཡོང་འབབ་གསོག་གང་ཐུབ་དང་། ཞིང་གི་རྣང་མའི་བར་དུ་འཚང་སྟེ་རྔུལ་ཆུའི་ས་བོན་མང་དག་ཅིག་བཏབ་པར་འབད་ནས་ཁྱིམ་ཚང་གི་འཚོ་བའི་དཀའ་སྡུག་སེལ་གང་ཐུབ་བྱེད་ཀྱི་ཡོད་ཀྱང་། ཉིན་རེའི་ཡོང་འབབ་ཧ་ཅང་དམའ་བས་ཁོང་གིས་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་གཏོང་སྙམ་པའི་དམིགས་ཚད་དེ་གནམ་ལ་ཀ་བ་འཛུགས་པ་ལྟ་བུའི་དཀའ་གནད་དུ་གྱར་ཏེ། སྔར་བཞིན་ཇ་འཐུང་སྤགས་ཟས་ཙམ་གྱི་འཚོ་བའི་ཆུ་ཚད་ལས་གཏན་ནས་བརྒལ་མ་ཐུབ། ཁོང་གིས། “རྟག་ཏུ་སྲིད་གཞུང་ལ་ལག་པ་བརྐྱངས་ནས་འཚོ་ཐབས་བྱས་ན། དེ་ནི་ངོ་ཚ་དགོས་པ་ཞིག་རེད་ལ། དེ་བས་ཡུན་རིང་གི་འཚོ་ཐབས་ཤིག་མིན་པས། ངས་མནོ་བསམ་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཚོང་ཙག་ཙིག་ལ་གཞོལ་ཏེ་འཚོ་བར་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་གཙང་མར་བཅད་པ་ཡིན”ཞེས་བཤད།

    སྤྱི་ལོ་2013ལོའི་ལོ་དཀྱིལ་དུ། ཁོང་གིས་རྫིང་ཕྱི་ཤང་གི་ལམ་འགྲམ་དུ་ཁང་གླ་གཡར་ཏེ་མོག་མོག་ཚོང་ཁང་ཞིག་བཙུགས། འོན་ཀྱང་། མོག་མོག་བཟོ་བའི་ཉམས་མྱོང་མེད་པ་དང་། ལག་རྩལ་མི་འདང་བ། དེ་མིན་སྒྲིག་ཆས་སོགས་ཀྱང་འཐུས་ཚང་མེད་སྟབས། ཁོང་གི་མོག་མོག་ཚོང་ཁང་དུ་མོག་མོག་ཉོ་བར་ཡོང་མཁན་ཧ་ཅང་ཉུང་ཉུང་ཡིན་ལ། སྐབས་རེ་འཛད་སྤྱོད་པས་ཁོང་གིས་བཟོས་པའི་མོག་མོག་དཀར་པོ་མེད་ཚུལ་དང་། བྲོ་བ་མེད་ཚུལ། འཚོས་པོ་མེད་ཚུལ་སོགས་རྒྱུ་རྐྱེན་སྣ་ཚོགས་བརྗོད་ནས་མོག་མོག་ཉོ་བར་ཡོང་གི་མེད། དེ་ལྟར་མོག་མོག་བྲིན་ཁ་རྒྱུག་པོ་མེད་པ་དང་། ཡོང་འབབ་ཀྱང་ཧ་ཅང་ཉུང་ཉུང་ཡིན་པས། སྐབས་འགར་ཁོང་གི་ཡིད་ངོར་མོག་མོག་ཚོང་ཁང་དེ་སྒོ་རྒྱག་རྒྱུའི་བསམ་བློ་འཁོར་མྱོང་ལ། དེའི་ཐོག་བཟའ་ཟླས་ཀྱང་ཁོང་ལ། “ཚོང་ཡག་པོ་མེད་ན་མོག་མོག་ཚོང་ཁང་དེ་སྒོ་བརྒྱབ་ནས་ཞོགས”ཞེས་ཐེངས་མང་བརྗོད་བཞིན་ཡོད་པས། ཁོང་གིས་མོག་མོག་ཚོང་ཁང་དེ་མུ་མཐུད་གཉེར་ཐུབ་མིན་གྱི་ཐད་རེ་ཞིག་སོམ་ཉིའི་དྲ་བར་ཚུད་ནས་ཅི་བྱ་གཏོལ་བྲལ་དུ་གྱུར།

    ཁ་གཏད་རོགས་སྐྱོར་སྲིད་ཇུས་དེ། དུས་ཐོག་བབས་པའི་ཆར་པ་འདྲ།

    ཡུད་ཙམ་གྱི་སྣང་ངོར་ལོ་ངོ་གཅིག་དེ་ལྟར་ཕར་ལ་འདས་སོང་། ལོ་དེའི་ནང་ཁོང་གི་མོག་མོག་ཚོང་ཁང་དུ་མོག་མོག་ཉོ་མཁན་ཧ་ལམ་མཐོང་རྒྱུ་མེད། མོག་མོག་ཚོང་ཁང་གི་ཚོང་ཉིན་རེ་བཞིན་ཇེ་སྡུག་ཏུ་འགྲོ་དུས། ཁོང་གིས་ངོ་གདོང་ནས་འ་ཆད་འུ་ཐུག་གི་རྣམ་འགྱུར་སྐྱོ་བོ་ཞིག་སྟོན་བཞིན་མགོ་བོ་གཡུག་གཡུག་དང་དབུགས་རིང་ནར་ནར་དུ་གཏོང་གིན་ཉིན་མ་རེ་རེ་བཞིན་ཕར་ལ་སྐྱེལ་བཞིན་ཡོད། ཁོང་དེ་ལྟར་འཚོ་བ་ལ་ཡིད་མུག་ཅིང་སེམས་ཤུགས་ཉམས་བཞིན་པའི་མཚམས་དེར། སྟབས་ལེགས་པ་ཞིག་ལ་ཁོང་ཉིད་དེ་སྔའི་ཟངས་རི་རྫོང་གི་ཧྲུའུ་ཅི་གཞོན་པ་དབྱང་ཀའོ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་དུ་གྱུར། དབྱང་ཀའོ་ཡིས་ཐོག་དང་པོར་ཁོང་གི་ཁྱིམ་ལ་འབྲས་དང་། གྲོ་ཞིབ། སྣུམ་སོགས་འཚོ་བའི་མཁོ་ཆས་ཉོས་ནས་རོགས་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཟླ་བ་འགའ་ཤས་སོང་རྗེས། ཧྲུའུ་ཅི་གཞོན་པ་དབྱང་ཀའོ་ཡིས་ཁོང་གི་མོག་མོག་ཚོང་ཁང་གཉེར་བཞིན་ཡོད་པའི་གནས་ཚུལ་ཐོས་པ་དང་བསྟུན་ནས། ཁོང་ཉིད་ཟངས་རི་རྫོང་དུ་མོག་མོག་བཟོ་སྟངས་སྦྱོང་བར་མངགས་ཤིང་། དུས་ཡུན་ཟླ་བ་འགའ་ཤས་ཀྱི་ལག་རྩལ་སྦྱོང་བརྡར་བྱས་པ་བརྒྱུད། ཁོང་གིས་མོག་མོག་བཟོ་བའི་ཤེས་བྱ་མང་པོ་ཁོང་དུ་ཆུད་དེ་བྱང་ཆུབ་པའི་ངང་མོག་མོག་བཟོ་ཐུབ་ཀྱི་ཡོད། ཧྲུའུ་ཅི་གཞོན་པ་དབྱང་ཀའོ་ཡིས་ཁོང་གི་མོག་མོག་བཟོ་རྩལ་སྣང་དག་མེད་པ་ཤེས་རྗེས། ཁོང་ལ་མོག་མོག་ཚོང་ཁང་དེ་མུ་མཐུད་གཉེར་དགོས་པའི་སྐུལ་ལྕག་གནང་བ་དང་། ངེས་པར་དུ་ལག་རྩལ་ལ་བརྟེན་ནས་དབུལ་པོའི་ཞྭ་མོ་ཕུད་དགོས་པའི་བསམ་བློའི་སློབ་གསོ་བརྒྱབ་པ་མ་ཟད། དབྱང་ཀའོ་ཡིས་མ་དངུལ་བཏང་ནས་གློག་གཏོང་འཕྲུལ་ཆས་དང་། ཕྱེ་བརྫི་འཕྲུལ་འཁོར། དབུགས་ལྡིར་ཁྲོ་གཞོང་སོགས་མོག་མོག་ཚོང་ཁང་ལ་དགོས་ངེས་ཀྱི་སྒྲིག་ཆས་ཆ་ཚང་ཉོས་ནས་ཁོང་ལ་སྤྲད་པས། ཁོང་ནས་མུ་མཐུད་མོག་མོག་ཚོང་ཁང་གཉེར་རྒྱུའི་ཐད་རེ་བ་དང་སེམས་ཤུགས་ཀྱིས་ཁེངས་ཤིང་། ངེས་པར་དུ་རང་ཉིད་ཀྱི་མོག་མོག་བཟོ་བའི་ལག་རྩལ་ལ་བརྟེན་ནས་དབུལ་པོའི་ཞྭ་མོ་ཕུད་ཐུབ་པ་བྱ་རྒྱུའི་དམ་བཅའ་བཞག་སྟེ། ད་ལྟའི་མོག་མོག་ཚོང་ཁང་དེ་གཉེར་འགོ་ཚུགས། དུས་དེ་ནས་བཟུང་ཁོང་གི་སེམས་ལ་ང་རྒྱལ་དང་སྤོབས་པ། སེམས་ཤུགས་བླ་ལྷག་ཏུ་འཕེལ་ཏེ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་མོག་མོག་ཚོང་ཁང་དུ་ཞུགས་ནས་ཕྱེ་བརྫི་འཕྲུལ་འཁོར་ནང་གྲོ་ཕྱེ་རྫི་བ་དང་། མོག་མོག་བཟོ་བ། མོག་མོག་འཚོང་བའི་ལས་ལ་འབད་པ་མ་ཟད། ནམ་རྒྱུན་དུ་བཟའ་བཅའི་བདེ་འཇགས་དང་གཙང་སྦྲར་དོ་སྣང་ཆེན་པོ་བྱེད་ཅིང་། ཞབས་ཞུའི་རྣམ་འགྱུར་ཐད་ལའང་སྔར་ལས་ལྷག་པའི་སྒོ་ནས་ཤུགས་སྣོན་རྒྱག་གི་ཡོད། ཁོང་གིས། “ཁ་གཏད་རོགས་སྐྱོར་གྱི་སྲིད་ཇུས་བཟང་པོ་དང་། ཧྲུའུ་ཅི་གཞོན་པ་དབྱང་ཀའོ་ཡི་རྒྱབ་སྐྱོར་ནི་ངའི་ངོས་ནས་བརྗོད་ན་དུས་ཐོག་གི་ཆར་པ་ཞིག་དང་འདྲ་བར། ཡུན་རིང་སྐོམ་པས་གཙེས་པའི་ངའི་ཡིད་ཀྱི་ཞིང་ས་སྐྱ་བོར་དེ་མ་ཉིད་དུ་སྦྲང་ཆར་བབས་པ་དང་འདྲ་བྱུང་། ད་ནི་ངས་ཀྱང་སྔོན་ཆད་ལྟར་སྐྱོབ་གསོ་སྒུག་ནས་མ་བསྡད་པར་ལག་རྩལ་ལ་བརྟེན་ནས་དབུལ་སྒྲོལ་ཡོང་རྒྱུར་འབད་ངེས་ཡིན”ཞེས་སེམས་འགུལ་ཐེབས་པའི་ངང་བརྗོད།

    སྤྱི་ལོ་2014ལོའི་ལོ་མཇུག་ཏུ་སླེབས་སྐབས། ཁོང་གིས་རང་གི་ལག་ཟུང་ལ་བརྟེན་ཏེ་གྲོ་ཕྱེ་བརྫི་བའི་སྲོལ་རྒྱུན་གྱི་མོག་མོག་བཟོ་སྟངས་ལ་སྒྱུར་བཅོས་བྱས་ནས། དེང་རབས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་མོག་མོག་བཟོ་འགོ་བཙུགས་ཤིང་། རྣམ་པ་གསར་པ་དང་། བྱ་ཐབས་གསར་པ། སྔོན་ཐོན་གྱི་ལག་རྩལ་བཅས་ལ་བརྟེན་ནས་མོག་མོག་ཚོང་ཁང་གཉེར་ཏེ་ཤང་ཡོངས་སུ་མོག་མོག་ཚོང་ཁང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་སྐོང་པ་རེད།

    དགའ་བའི་འཛུམ་མདངས་ངོམས་བཞིན་དུ། བདེ་སྐྱིད་འཚོ་བའི་དཔལ་ལ་རོལ།

    དེང་རབས་ཀྱི་སྔོན་ཐོན་འཕྲུལ་ཆས་དང་། བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་མོག་མོག་ཚོང་ཁང་གཉེར་འགོ་ཚུགས་པ་ནས་བཟུང་། ཁོང་གི་ཚོང་ཁང་དུ་མོག་མོག་ཉོ་བར་ཡོང་མཁན་འཚང་ཀ་ཤིག་ཤིག་བྱེད་ཅིང་། ཁོང་གི་ཨམ་ཕྲག་གི་དངུལ་ཁུག་ཀྱང་ལྗིད་ཏིག་ཏིག་ཏུ་གྱུར། ད་ཆ་ཁོང་ལ་མོག་མོག་བཙོངས་ནས་ཉིན་རེར་ཡོང་འབབ་སྒོར་200ནས་300ཙམ་ཡོང་གི་ཡོད་ལ། སྔོན་ཆད་ལྟར་མོག་མོག་ཉོ་མཁན་དཀོན་པའི་སེམས་ཁྲལ་ཅི་ཡང་མེད་པ་རེད། ལྷག་པར་དུ། ཁོང་གི་ཕ་ཡུལ་ཟངས་རི་རྫོང་རྫིང་ཕྱི་ཤང་ལ་ཆ་མཚོན་ན། ནམ་རྒྱུན་སྤྱི་ཟླ་5པ་དང་6པར་རི་རྩེར་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་ཡི་ཡོད་ཅིང་། སྔོན་ཆད་ཁོང་ཡང་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་བཞིན་ཡོད་མོད་ཟླ་གཉིས་རིང་ཡོང་འབབ་སྒོར་2000ཙམ་ལས་ཡོང་གི་མེད། འོན་ཀྱང་། ད་ལྟ་ཁོང་ནས་དབྱར་རྩྭ་དགུན་འབུ་འཐུ་བའི་ལས་མཚམས་བཞག་སྟེ། སྤྱི་ལོ་2015ལོར་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་3གཡར་བ་དང་། དེའི་ཐོག་རང་ཉིད་སྒེར་ནས་སྒོར་ཁྲི་2ཙམ་བཏོན་ཏེ་ཐོ་ཕྲུག་ཆེ་གྲས་ཤིག་ཉོས་པ་དང་། ཐོ་ཕྲུག་བཏང་ནས་རི་འདབས་སུ་མོག་མོག་ཚོང་ཁང་བཙུགས་ཏེ་དབྱར་རྩྭ་དགུན་འབུ་འཐུ་མཁན་གྱི་མང་ཚོགས་རྣམས་ལ་མོག་མོག་ཚོང་གིན་ཡོད་པས། ཉིན་རེར་ཡོང་འབབ་སྒོར་350ནས་400ཙམ་ཟིན་ཞིང་། དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཡུན་ཟླ་གཉིས་ཀྱི་རིང་། ཁོང་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི་2ཙམ་ཟིན་ནས། སྔོན་ཆད་དང་བསྡུར་ན་ཡོང་འབབ་ལྡབ་འགྱུར་གྱིས་མང་དུ་ཕྱིན་ཡོད་པ་རེད། ཁོང་གིས། “ནམ་རྒྱུན་ང་དབྱར་རྩྭ་དགུན་འབུ་འཐུ་བར་སོང་ཡང་ཡོང་འབབ་སྒོར་2000ཙམ་ལས་མེད། ད་ཆ་མོག་མོག་བཙོངས་ནས་ཡོང་འབབ་མང་པོ་དེ་ལྟ་འདྲ་བྱུང་ཡོང་བསམ་པ་སྣང་བའི་ཡུལ་ལའང་འཁོར་མ་མྱོང་། ངོ་མ་ངའི་བསམ་ཡུལ་ལས་ཡོངས་སུ་འདས་སོང”ཞེས་དགའ་སྤྲོའི་ངང་བཤད། དུས་རྒྱུན་ཤང་མི་དམངས་སྲིད་གཞུང་དང་། སློབ་གྲྭ དེ་མིན་ལས་ཁུངས་ཁག་དང་ཉེ་འགྲམ་གྱི་མང་ཚོགས་དུ་མས་ཁོང་གི་གམ་ནས་མོག་མོག་མངགས་ཉོ་བྱེད་ཀྱི་ཡོད་པས། ཁོང་གི་མོག་མོག་ཚོང་ཁང་གི་ཚོང་བྲིན་ཁ་ཧ་ཅང་རྒྱུག་པོ་ཡོད་པ་དང་བསྟུན་ནས་ཡོང་འབབ་ཀྱང་མངོན་གསལ་དོད་པོས་མང་དུ་ཕྱིན་ཏེ། 2016ལོར་ཁོང་ནས་རང་འགུལ་ངང་ཤང་མི་དམངས་སྲིད་གཞུང་དུ་སྙན་ཞུ་ཕུལ་ཏེ་དབུལ་པོའི་གྲལ་ནས་དོན་པ་མ་ཟད། དངུལ་ཁང་ནས་གཡར་བའི་དངུལ་བུན་གྱི་མ་སྐྱེད་ཀྱང་གཙང་འཇལ་བྱས་པ་རེད།

    མིག་སྔར། ཁོང་ཉིད་སྔོན་ཆད་ལྟར་ལག་པ་བརྐྱངས་ནས་སྐྱོབ་གསོ་སྒུག་དགོས་མེད་པར། རང་གི་ལག་ཟུང་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བའི་དཔལ་ལ་རོལ་བཞིན་ཡོད་ལ། སྡོད་ཁང་གསར་པར་སྤོས་ཟིན་པས་འབྱུང་འགྱུར་གྱི་འཚོ་བ་གསར་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ལྷག་པར་དུ། ད་ལྟ་བུ་མོ་ཆུང་བ་གཡང་འཛོམས་འཐུས་ཤོར་མེད་པར་ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་དང་པོ་འགྲིམ་བཞིན་ཡོད་པ་དང་། བུ་མོ་རྒན་པ་ཉི་མ་ཆོས་སྒྲོན་ཡང་ཡུན་ནན་ཁུན་མིང་དུ་སློབ་ཆེན་འགྲིམས་ཐུབ་པ་བྱུང་བས། ཁྱིམ་མི་ཚང་མའི་སེམས་པ་དགའ་བས་མྱོས་ཏེ། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་འཚོ་བའི་ལམ་དུ་གོམ་ཞེང་ཆེན་པོས་མདུན་དུ་སྐྱོད་བཞིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།