འདུ་ཤེས་བཞི།
2016ལོའི་ཟླ་1ཚེས་29ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་ཆེས་སྔ་ཤོས་བསྟན་དོན། ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཚེ། གཞི་ནས་རང་རེའི་ཏང་འདི་ཉིད་དེ་བས་མཐུན་སྒྲིལ་གཅིག་གྱུར་དང་ཞུམ་མེད་སྟོབས་ལྡན་དུ་འགྱུར་ནས། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་95འཁོར་བའི་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་སྐབས་། ཏང་ཡོངས་ཀྱི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ། ཏང་ལ་ལྷག་བསམ་རྣམ་དག་དང་། ཏང་དང་དཀའ་སྡུག་མཉམ་ཁུར། ཏང་ཆེད་རང་འགན་གཙང་སྒྲུབ་བཅས་བྱེད་དགོས་ཞེས་ནན་བཤད་གནང་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བའི《དུས་བབ་གསར་པའི་འོག་གི་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ནང་། ངེས་པར་དུ་ཏང་ཡོངས་ཀྱིས་ཆབ་སྲིད་ཀྱི་འདུ་ཤེས་དང་། སྤྱི་ཡོངས་ཀྱི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། མིག་ལྟོས་ཀྱི་འདུ་ཤེས་བཅས་བརྟན་པོ་བཙུགས་ནས་རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།
ཉམས་སད་ཆེན་པོ་བཞི།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་། མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་མི་དམངས་ཀྱི་དོན་དུ་བདེ་སྐྱིད་བསྐྲུན་ན། ད་གཟོད་ཏང་ཉིད་ཐོག་མཐའ་བར་གསུམ་དུ་མི་ཕམ་པའི་གནས་སུ་འཁོད་ཐུབ་པ་དང་། བདེ་དུས་ཉེན་དྲན་དང་བརྩོན་པ་ལྷུར་ལེན་བྱེད་ཕོད་ན། ད་གཟོད་ཏང་ཉིད་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་ཏང་ཡོངས་ཀྱིས་ངེས་པར་དུ་བརྟན་པོར་ངེས་དགོས། གནས་བབ་གསར་པའི་འོག ཏང་གི་མདུན་དུ་ལྷགས་པའི་སྲིད་སྐྱོང་གི་ཉམས་སད་དང་། སྒྱུར་བཅོས་སྒོ་དབྱེའི་ཉམས་སད། ཁྲོམ་རའི་དཔལ་འབྱོར་གྱི་ཉམས་སད། ཕྱི་རོལ་ཁོར་ཡུག་གི་ཉམས་སད་བཅས་ཐེག་པར་བྱེད་པ་ནི་ཡུན་རིང་དང་། རྙོག་འཛིང་། དྲག་པོ་བཅས་རེད་ཅེས་བསྟན་ཡོད། 2012ལོའི་ཟླ་11ཚེས་17ཉིན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་དང་པོའི་ཐོག ཏང་ཡོངས་ཀྱིས་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་དང་། ཏང་འཛུགས་སྐྱོང་སྐོར་གྱི་བླང་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། མི་དམངས་མང་ཚོགས་དབར་གྱི་ཤ་རུས་འབྲེལ་བ་རྒྱུན་འཁྱོངས་བྱེད་པ། ཏང་འདི་ཉིད་སྐྱོན་བྲལ་ཡོང་བ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་ཆུ་ཚད་དང་སྲིད་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་འབྲེལ། རུལ་སུངས་བཀག་འགོག་དང་ངོ་འགྱུར་སྔོན་འགོག་གི་ནུས་པ་དང་ཉམས་ཉེན་འགོག་སེལ་གྱི་ནུས་པ་ཆེ་རུ་བཏང་ནས། རང་རེའི་ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་འཕེལ་རིམ་ནང་སྲ་ཞིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་ཏུ་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།