[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《ཚན་རིག་དང་མཐུན་པའི་སྔོ་འགྱུར་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས།

    གཞི་ཁྱོན་ཆེ་ལ་སྤུས་ཚད་མཐོ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-04

    ཉེ་ཆར། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གིས《ཚན་རིག་དང་མཐུན་པའི་སྔོ་འགྱུར་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་མ་ལག་གི་བརྟན་ལྷིང་རང་བཞིན་དང་སྐྱེ་ཁམས་ཐོན་རྫས་མཁོ་འདོན་བྱེད་ནུས་ཆེ་རུ་གཏོང་བ། སྐྱེ་ཁམས་མ་ལག་གི་ཐཱན་འདུ་ནུས་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འཚོ་བའི་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། གཞི་ཁྱོན་ཆེ་ལ་སྤུས་ཚད་མཐོ་བའི་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    《བསམ་འཆར》ནང་བསྟན་དོན། སྔོ་འགྱུར་གྱི་འབྲེལ་ཡོད་འཆར་འགོད་ཚན་རིག་དང་མཐུན་པའི་སྒོ་ནས་བཟོ་བར། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གིས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་། རང་བྱུང་སྐྱེ་ཁམས་མ་ལག་གི་སྔར་ཡོད་རྣམ་པ་དང་འཐུས་ཚང་རང་བཞིན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ། གཙང་པོ་དང་ཆུ་བོ་རྒྱུག་ཁུལ་དང་རི་དང་རི་རྒྱུད་སོགས་བལྟོས་བཅས་ཆ་ཚང་བའི་རང་བྱུང་ས་གཤིས་སྡེ་ཚན་རྨང་གཞིར་འཛིན་པ་དང་། སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་དང་ཟུང་འབྲེལ་བྱས་ཏེ། ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པའི་སྒོ་ནས་སྲིད་འཛིན་ས་ཁོངས་དེ་གའི་སྔོ་འགྱུར་གྱི་འབྲེལ་ཡོད་འཆར་འགོད་སྒྲིག་འཛུགས་བྱས་ནས་བཟོ་དགོས། ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་འགྱུར་ས་ཆ་བཀོད་སྒྲིག་ལུགས་མཐུན་བྱེད་པར། གྲོང་ཁྱེར(ས་ཁུལ)ཁག་གིས་རྒྱལ་ཁབ་ས་ཆའི་བར་སྟོང་འཆར་འགོད་དང་སྤྱོད་སྒོའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས“ཁུལ་གསུམ་རྒྱུད་གསུམ”གྱི་དབྱེ་མཚམས་དང་ཟུང་འབྲེལ་བྱེད་པ་དང་། ས་ཆ་བེད་སྤྱོད་ཀྱི་གྲུབ་ཆ་དང་ས་ཆ་དང་འཚམ་མཐུན་རང་བཞིན་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་པ། སྔོ་འགྱུར་ས་ཆ་ཚན་རིག་དང་མཐུན་པའི་ངང་འཆར་འགོད་བཅས་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ས་ཆའི་སྔོ་འགྱུར་བྱ་སྤྱོད་སྤེལ་དགོས།

    《བསམ་འཆར》ནང་ནན་བཤད་བྱས་དོན། ཚན་རིག་དང་མཐུན་པའི་སྒོ་ནས་སྔོ་འགྱུར་འཆར་འགོད་ཀྱི་ཨར་ལས་བྱེད་པར་རྒྱལ་ཁབ་ཀྱི་མ་འཇོག་གམ་ཡང་ན་རྒྱལ་ཁབ་ཀྱི་མ་འཇོག་གཙོ་བོར་བྱེད་པའི་སྔོ་འགྱུར་ལས་གྲྭའི་རྣམ་གྲངས་ལ་འཛུགས་སྐྲུན་ཚན་པས་ལས་སྒྲུབ་འཆར་འགོད་བཟོ་བ་དང་རྣམ་གྲངས་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་རིམ་པ་དེ་གའི་རང་བྱུང་ཐོན་ཁུངས་དང་། ཆུ་བེད། ནགས་རྩྭ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ལས་སྒྲུབ་ཇུས་འགོད་ལ་ཞིབ་བཤེར་བྱེད་པ་མ་ཟད་ལྟ་སྐུལ་ལག་བསྟར་ཡང་བྱེད་དགོས། གྲོན་ཆུང་དངོས་སྒྲུབ་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་ལས་དོན་སྤེལ་བར། ལྗང་མདོག་གི་བར་སྟོང་རྒྱ་ཆེར་གཏོང་བ་དང་། སྔོ་འགྱུར་སྤུས་ཚད་མཐོ་རུ་གཏོང་བ། སྔོ་འགྱུར་བྱེད་དགོས་རིགས་སྔོ་འགྱུར་བྱེད་པ། བེད་མེད་ཀྱི་ས་ཆ་བེད་སྤྱོད་གང་ལེགས་བྱེད་པ། ལྡོག་འགོག་ནུས་པ་ཆེ་བ་དང་བདག་སྐྱོང་གི་མ་གནས་ཆུང་བའི་རྩི་ཤིང་ཧུར་ཐག་ངང་ཁྱབ་གདལ་གཏོང་བ་བཅས་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་རྒྱ་ཁྱོན་ཚད་དང་མཐུན་ལ་གོ་རིམ་ལྡན་པའི་སྒོ་ནས་ཆེ་རུ་གཏོང་དགོས། སྔོ་འགྱུར་གྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་བརྟན་དུ་གཏོང་བར། ནགས་བཟོའི་རྣམ་གྲངས་དོ་དམ་ཚད་ལྡན་དུ་གཏོང་བ་དང་། དོ་དམ་སྲུང་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དོ་དམ་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ། ནགས་བཟོའི་འགན་གཙང་ཚན་པའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ཞིབ་བཤེར་རྩིས་ལེན་གྱི་འགག་སྒོ་ནན་པོ་སྲུང་བ་བཅས་བྱས་ནས་ནགས་བཟོའི་ཕན་འབྲས་འགན་ལེན་བྱེད་དགོས།

    《བསམ་འཆར》ནང་བླང་བྱ་བཏོན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ནགས་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བར། རང་སྐྱོང་ལྗོངས་དང་། གྲོང་ཁྱེར(ས་ཁུལ) རྫོང(ཆུས) ཤང(གྲོང་རྡལ) གྲོང་ཚོ(གྲོང་ལྷན)བཅས་རིམ་ལྔའི་ནགས་དཔོན་གྱིས་ཁུལ་དབྱེ་ནས་འགན་འཁུར་ཏེ་ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དགོས། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་གྱི་ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་འགག་སྒྲོལ་བྱ་རྒྱུ་དེ་ཚན་རྩལ་འཆར་གཞིའི་ནང་བཅུག་ནས་སྤྱི་འདོམས་རྒྱབ་སྐྱོར་དང་། ཚན་ཞིབ་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་ཚན་ཞིབ་ཀྱི་གཏོང་ཆ་ལེགས་སུ་གཏོང་བ། ནགས་རྩྭའི་ཚན་རྩལ་གྱི་རིམ་པ་མཐོ་བ་དང་རྩལ་ནུས་ལྡན་པའི་དངོས་སྤྱོད་ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་། བོད་ཀྱི་ནགས་རྩྭའི་སྒྱུར་བཅོས་འཕེལ་རྒྱས་ལ་ཞབས་འདེགས་གང་ལེགས་ཞུ་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།