[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུ་ལྷ་སར་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-07-01

    ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་འདེམས་བསྐོ་བྱས་ནས་ཐོན་པ་དང་། ཏང་ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་འོས་མི་བློ་མཐུན་དབང་དབྱང་དང་པད་མ་འཕྲིན་ལས་རྣམ་གཉིས་བདམས་ཐོན་བྱུང་བ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ།

    21fd696d-6049-46bc-b734-c1872b9258b5.jpg.jpg

    ཟླ་6ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།

    c832c599-9ecd-4193-a668-bf801dd45b69.jpg.jpg

    ཟླ་6ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

     ཚེས་29ཉིན་གྱི་སྔ་དྲོ། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་30འདེམས་བསྐོ་བྱས་ནས་ཐོན་པ་དང་། ཏང་ཀྲུང་དབྱང་གིས་མིང་འདོན་བྱས་པའི་འཐུས་མིའི་འོས་མི་བློ་མཐུན་དབང་དབྱང་དང་པད་མ་འཕྲིན་ལས་རྣམ་གཉིས་བདམས་ཐོན་བྱུང་བ་རེད།

    སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཡི་ཐོག་རྒྱལ་གླུའི་སྒྲའི་ཁྲོད་ཚོགས་འདུ་འགོ་ཚུགས་ཤིང་། ཚོགས་འདུ་དེ་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི། ལིའུ་ཅང་། ཝང་ཝུའེ་ཏུང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཕུར་བུ་དོན་གྲུབ། ཀརྨ་ཚེ་བརྟན། ཟླ་བ་ཚེ་རིང་བཅས་ཀྲུའུ་ཞི་སྡིངས་ཆར་བཞུགས་པ། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་བཀའ་མངགས་ལྟར་ཀྲོང་ཡན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་སྐྱོང་ལྗོངས་ཀྱི་འཐུས་མི་འདེམས་བསྐོའི་ལས་དོན་གྱི་འབྲེལ་ཡོད་གནས་ཚུལ་ལ་གསལ་བཤད་གནང་བ་རེད།

    ཏང་གི་སྒྲིག་ཡིག་དང་ཏང་ཀྲུང་དབྱང་གི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང། ཚོགས་འདུའི་ཐོག་དམངས་གཙོ་དར་སྤེལ་དང་གྲོས་བསྡུར་གང་ལེགས་བྱས་ནས་འདེམས་བསྐོ་བྱེད་ཐབས་གཏན་འཁེལ་བྱས་པ་དང་ཚོགས་ཞུགས་འཐུས་མི་ཚོས་མིང་མི་འགོད་པར་འདེམས་ཤོག་འཕངས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་འདེམས་བསྐོ་བྱས་ནས་ཐོན་པ་རེད། འདེམས་བསྐོའི་མཇུག་འབྲས་ཁྱབ་བསྒྲགས་བྱེད་སྐབས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་པ་རེད།

    ཚོགས་འདུའི་ཐོག་བཏོན་དོན། འཐུས་མི་ཡོངས་དང་ཚོགས་ཞུགས་བློ་མཐུན་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཀྱི་འཐུས་མིའི་ཚོགས་འདུའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོས་ལེགས་གྲུབ་བྱུང་ཡོད། ཚོགས་འདུའི་རིང་འཐུས་མི་རྣམ་པས་ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ནན་པོ་ཞུས་ནས་དམངས་གཙོ་དར་སྤེལ་གང་ལེགས་དང་། ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བཅས་བྱས་པ་དེ་ཐོག་ནས་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཚད་མཐོའི་རང་རྟོགས་གང་ལེགས་མངོན་པ་དང་། སྲ་ཞིང་བརྟན་པའི་ཏང་གཤིས་ཀྱི་རྩ་དོན་དང་། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ། བསམ་པའི་ཉམས་འགྱུར་བཟང་པོ་བཅས་མངོན་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པ་ནི་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པར་སྐྱོད་པའི་དུས་སྐབས་གལ་ཆེན་དུ་འཚོགས་པའི་ཚོགས་ཆེན་གལ་ཆེན་ཞིག་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། ཚོགས་འདུའི་ཐོག་བདམས་ཐོན་བྱུང་བའི་འཐུས་མི་ཚོས་འཐུས་མིའི་སྔོན་ཐོན་རང་བཞིན་དང་། འཐུས་ཚབ་རང་བཞིན། རྒྱ་ཁྱབ་རང་བཞིན་བཅས་གཅིག་གྱུར་གང་ལེགས་བྱས་ནས། དུས་རབས་ཀྱི་མངགས་བཅོལ་ཟབ་མོ་དང་མི་དམངས་ཀྱི་རེ་བ་ཕྲག་ཐོག་ཏུ་འཁུར་ལུགས་གང་ལེགས་མཚོན་ཡོད། བླ་ན་མེད་པའི་འགན་འཁྲི་བློ་ལ་བརྟན་པོ་ངེས་པ་དང་། གཟི་བརྗིད་ལྡན་པའི་འགན་འཁྲི་འཁུར་ཕོད་པ། དཔེ་བཟང་གི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། ཆབ་སྲིད་ཀྱི་རང་རྟོགས་དང་ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོས་བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མིའི་གཟུགས་བརྙན་བཟང་པོ་གང་ལེགས་མངོན་པར་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་ལེགས་སྐྱེས་འབུལ་དགོས།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། “གཏན་འཁེལ་གཉིས”ནི་ཏང་གི་ལོ་ངོ་བརྒྱའི་འབད་འཐབ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་རླབས་པོ་ཆེ་ལས་བྱུང་བའི་ལོ་རྒྱུས་ཀྱི་སྡོམ་ཚིག་གལ་ཆེན་ཞིག་ཡིན་པ་དེ་ཐོག་ནས་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པ་དང་། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་། རིམ་ཁག་ཏང་གི་འཐུས་མི་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། རང་རྟོགས་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་དེ་བས་སྲུང་སྐྱོང་བྱེད་པ། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་དེ་བས་མུ་མཐུད་བཏོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།

    ཚོགས་འདུའི་ཐོག་འབོད་སྐུལ་བྱས་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ཁག་ལ་འཕེལ་རྒྱས་གསར་པ་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི《རྒྱལ་སྤྱིའི་གླུ་གཞས》ཀྱི་སྒྲའི་ཁྲོད་རྒྱལ་ཁའི་ངང་གྲོལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།