[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས་གངས་ལྗོངས་ས་མཐོར་བྱས་རྗེས་བཞག་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   ཅང་ཧྥེ་པོ།    |    སྤེལ་དུས།   2022-06-30

    ཉེ་བའི་ལོ་ཤས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་གཞིར་བཟུང་། བོད་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པས་བོད་ཀྱི་འཕེལ་རྒྱས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་གནས་ཡོད།

    2021ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུས་ཤིང་། “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་སྤྱད་འབད་བརྩོན་དང་ཞུམ་མེད་འབད་འབུངས་བྱས་པས་སྤྱི་ཚོགས་ཀྱི་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་བྱུང་བ། མི་དམངས་ཀྱི་འཚོ་བ་ཧ་ཅང་ལེགས་སུ་ཕྱིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་དེ་སྔ་དང་བསྡུར་ཐབས་བྲལ་བ་བཅས་བྱུང་ཡོད”ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་བཟང་ཚིག་ནན་གྱིས་སྒོ་ནས་གསུངས་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པ་དེ་བས་ཀྱང་མེད། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་དང་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་བྱུང་ཡོད།

    2022ལོར་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་ཀའི་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་པ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་བྱེད་པ། འཐབ་ཕྱོགས་གཅིག་གྱུར་གྱི་འགན་འཁྲི་དོན་འཁྱོལ་དང་འཐབ་ཕྱོགས་གཅིག་གྱུར་གྱི་ལེགས་ཆ་འདོན་སྤེལ་བཅས་བྱས་ནས་རྣམ་པ་གསར་པ་གཏོད་པ་དང་ལེའུ་གསར་པ་རྩོམ་ཆེད་ནུས་ཤུགས་ཡོད་རྒུ་བཏོན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་དར་དམངས་བདེའི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་ཧུར་ཐག་གཏོད་བཞིན་ཡོད།

    2021ལོ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བས་འཐབ་ཕྱོགས་གཅིག་གྱུར་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་བྱུང་བ།

    2021ལོར་བོད་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་གྱི་སྲིད་ཇུས་དང་ཁྲིམས་སྲོལ་རྒྱ་ཁྱབ་ངང་དྲིལ་བསྒྲགས་བྱས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་ཀྱི་རང་འགུལ་རང་བཞིན་སྟངས་འཛིན་བརྟན་པོ་བྱས་པས། འཐབ་ཕྱོགས་གཅིག་གྱུར་གྱི་མི་རིགས་ཆོས་ལུགས་ཁྱབ་ཁོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱུང་ཡོད།

    མི་རིགས་ལས་དོན་ཡག་པོ་ཏན་ཏིག་སྤེལ་ཞིང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་འཛིན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་མུ་མཐུད་གཏིང་ཟབ་ཏུ་བཏང་བ། མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་པ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་བ། མི་རིགས་ལས་དོན་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་ཤུགས་སྣོན་ཏན་ཏིག་བརྒྱབ་པ་རེད།

    ཆོས་ལུགས་ལས་དོན་སྤེལ་བར་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཡོད་ཅིང་། བོད་ཀྱིས《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》དང་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་ཏན་བྱས་ནས་ཆོས་ལུགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་ལེན་ནན་པོ་བསྟར་བ་དང་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ཆོས་ལུགས་ཐད་ཡོན་ཚད་ཡོད་པ། ཀུན་སྤྱོད་ཐད་ཀུན་གྱིས་ཁས་ལེན་པ། འགག་རྩའི་དུས་སུ་ནུས་པ་ཐོན་པ་བཅས་ཀྱི“ཚད་གཞི་བཞིར”བརྩི་སྲུང་ཞུ་བའི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་ནས《བོད་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེའི་སྒྲིག་ཡིག》དང《བོད་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགོན་སྲོལ་གྲྭ་ཆིངས》བཟོས་ནས་ལག་བསྟར་བྱས་པས་ཆོས་ལུགས་ལས་རིགས་ཀྱི་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་འཕེལ་རིམ་གསར་པ་བྱུང་ཡོད། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་པར་ཚད་བརྒལ་གསར་པ་བྱུང་ཡོད།

    2022ལོ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ།

    བོད་རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས་ངོ་སྤྲོད་བྱས་དོན། 2022ལོར་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ཁོངས་གཏོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་རྒྱུ་གཙོ་རྐང་དུ་འཛིན་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་མུ་མཐུད་གཏིང་ཟབ་སྤེལ་བ་དང་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་བཞིན་ཡོད། སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱི་ཡོངས་ཀྱི་རང་འགུལ་རང་བཞིན་སྟངས་འཛིན་ཡག་པོ་བྱ་རྒྱུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཕན་འབྲས་ཐོན་པ་བྱས་ཏེ་ཐལ་སྐྱོད་དང་ཁ་ཕྲལ་གྱི་བསམ་བློའི་སིམ་འཛུལ་སྣ་ཚོགས་བཀག་འགོག་ནུས་ལྡན་བྱས་ནས་མི་རིགས་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་དོགས་ཟོན་མཐའ་གཅིག་ཏུ་བྱ་རྒྱུ་རེད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱ་རྒྱུ་ཡིན་ཞིང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུ་དམིགས་ཡུལ་དུ་བྱས་ཏེ་གསར་གཏོད་ལས་དོན་གྱི་ནུས་ལྡན་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུ་དང་། ལྷོ་ཁ་དང་ནག་ཆུས“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར”འཛུགས་གཏོད་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་2022ལོའི་ལོ་འཁོར་གྱི་རང་སྐྱོང་ལྗོངས་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་དཔེ་སྟོན་ཁུལ(ཚན་པ)དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི། མི་རིགས་མང་བའི་ཞི་མཐུན་ཁྲོམ་གཞུང(སྡེ་ཁུལ་དང་ཁྱིམ་ཚང)བཅས་ཀྱི་འབྲེལ་ཡོད་ལས་དོན་སོགས་ཡག་པོ་བསྒྲུབ་རྒྱུ་རེད།

    ཆོས་ལུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་གྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས“ཚད་གཞི་བཞིའི”སློབ་གསོ་ལག་ལེན་བྱེད་སྒོར་རྒྱུན་རྣམ་ཅན་གྱིས་སྐུལ་འདེད་བཏང་སྟེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་དང་བོད་ལྗོངས་ནང་བསྟན་སློབ་གླིང་གིས་དགོངས་འགྲེལ་གླེང་སྟེགས་དང་བགྲོ་གླེང་ཚོགས་འདུ་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་ཆོས་ལུགས་སློབ་ཁྲིད་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ《ཆོས་ལུགས་ལས་དོན་གྱི་སྲོལ་ཡིག》དང་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བྱ་ཐབས་ལག་བསྟར་ནན་ཏན་བྱས་ནས་དྲ་སྦྲེལ་གྱི་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་དོ་དམ་ལག་བསྟར་བྱ་ཐབས་ཞིབ་འཇུག་བྱས་ནས་བཟོ་རྒྱུ་བཅས་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།