[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེན་ལིན།    |    སྤེལ་དུས།   2022-06-28

    གསར་དུ་བསྐྲུན་པའི་གཞུང་ལམ་བརྒྱུད་ལྷ་ས་ནས་རླངས་འཁོར་བསྡད་དེ་ཆུ་ཚོད་ཁ་ཤས་བསྐྱོད་རྗེས། རི་ཚོགས་ཀྱིས་བསྐོར་བའི་གྲོང་རྡལ་ཆུང་ངུ་ཞིག་མིག་ལམ་དུ་འཆར་འོང་བ་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་རེད།

    དེ་སྔ་དེ་གར་ཤང་ཀྲང་སངས་རྒྱས་ཆོས་པས་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ཁྲིད་དེ་ཕྱུགས་འཚོ་ཞོར་མཐའ་མཚམས་སུ་སྐོར་གཡེང་བྱེད་ཀྱི་ཡོད། དུས་ཡུན་རིང་པོར་དཀའ་ཚེགས་ཆེ་བའི“མི་གསུམ་ཤང”ཞིག་རེད། “ད་ཆ་ཡུལ་སྨད་ཤང་ལ་དུད་ཚང་67དང་མི་གྲངས་240ཡོད་པ་དང་གློག་དང་། ལམ། 5Gདྲ་རྒྱ། སྨན་བཅོས། དངུལ་རྩ་སོགས་སྒྲིག་བཀོད་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད”ཅེས་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཞུའེ་མིན་གྱིས་བཤད།

    གཡང་འཛོམས་ཀྱི་བུ་བསོད་ནམས་དོན་གྲུབ་ནི་ཡུལ་སྨད་ཤང་ནས་སློབ་ཆེན་དུ་སྐྱོད་མཁན་དང་པོ་དེ་ཡིན་པ་དང་། ད་ཆ་ཁོང་ཕ་ཡུལ་དུ་ལོག་ནས་ཡུལ་སྨད་གྲོང་ཚོའི་ཧྲུའུ་ཅི་དང་པོར་གྱུར་ཡོད། ཉིན་ལྟར་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཡུས་སྨད་ཤང་གི་མང་ཚོགས་ཀྱི་བྱེད་སྒོའི་ཐང་ཆེན་དང་། སློབ་ཆུང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་བཅས་སུ་སྒྲེང་གི་ཡོད་ལ་གྲོང་མི་ཚོའི་ཁྱད་ཆོས་ལྡན་པའི་དམངས་སྲོལ་གནས་ཚང་གི་སྟེང་དུའང་སྒྲེང་གི་ཡོད། དེ་གའི་རྒྱལ་གཅེས་མཐའ་སྲུང་གི་མི་སེམས་འགུལ་བའི་གཏམ་རྒྱུད་ལས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།

    བོད་ནི་རང་རྒྱལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་གལ་ཆེན་ཞིག་ཡིན་པ་དང་མཐའ་མཚམས་རྫོང་21ཡོད། མཐའ་མཚམས་རྫོང་འཛུགས་སྐྲུན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། 2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་སྤྲིངས་པའི་འཕྲིན་ལན་ནང“ཁྱེད་ཚོས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་མུ་མཐུད་རྒྱུན་འཛིན་བྱས་ནས། འབྲོག་པ་མང་ཚོགས་དེ་བས་མང་བ་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་ས་མཐོར་གཞིས་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུའི་རེ་བ་ཡོད”ཅེས་འཁོད་ཡོད།

    2018ལོ་ནས་བཟུང་། བོད་ཀྱིས་མཐའ་མཚམས་རྫོང་21ལ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞེས་པའི་བརྗོད་དོན་གཙོ་བོའི་གྲོང་གསེབ་དར་རྒྱས་གཏོང་བའི་འདུ་འགོད་ལག་ལེན་བསྟར་ནས། དམིགས་བསལ་གྱི་རྒྱབ་སྐྱོར་སྲིད་ཇུས་སྤྱད་དེ་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མྱུར་པོ་བཏང་ཡོད། ད་བར་མཐའ་མཚམས་ཀྱི་རིམ་པ་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། གློག་དྲ་གཙོ་བོ་མཐའ་མཚམས་ཤང(གྲོང་རྡལ)ཚང་མར་སྣུར་བསྲིང་ཐུབ་པ། གྲོང་ཚོ་ཚང་མར་སྦྲག་སྲིད་དང་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཁྱབ་པ། གྲོང་གསེབ་མི་འབོར་གྱི་འཐུང་ཆུའི་བདེ་འཇགས་འགན་ལེན་ཐུབ་པ། ཐག་ཉེ་སར་སློབ་ཞུགས་དང་སྨན་བཅོས་ཐུབ་པ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད། མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ཏེ་མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་གྲོང་མི་དེ་བས་མང་བ་ཕྱུག་འགྱུར་ལམ་བུའི་ཐོག་བསྐྱོད་ཐུབ་པ་བྱུང་ཡོད།

    མངའ་རིས་ས་ཁུལ་སྒར་རྫོང་བཀྲིས་སྒང་ཤང་བདེ་མཆོག་གྲོང་ཚོར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་བོད་བཟོའི་ཁང་པ་སྟར་པ་མང་པོ་མིག་ལམ་དུ་འཆར་བ་དང་ཁོད་སྙོམས་པའི་ཨར་འདམ་ལམ་དུད་ཚང་ཚང་མའི་སྒོ་འགྲམ་དུ་ཤར་གཏོང་ཐུབ་ཡོད། ཐོག་མའི་རྡོས་བརྩིགས་པའི་སྟབས་བདེའི་ཁང་པ་ནས་སོ་ཕག་གི་མཉམ་བསྲེས་གྲུབ་ཆའི་སྡོད་ཁང་བར་དང་། དེ་ནས་ད་ཆའི་ཐོག་སོ་གཉིས་ལྡན་གྱི་སྡོད་ཁང་བར་ལོ་70ལ་སླེབས་པའི་བསོད་ནམས་ལྷ་མོས“ཏང་དང་སྲིད་གཞུང་གིས་ང་ཚོར་ཁྱོན་ཁང་པ་ཐེངས་5བརྒྱབ་པ་དང་སྤུས་ཚད་ལོ་རེ་བཞིན་ཇེ་ཡག་རེད། ད་ཆ་ཚང་མ་གྲོང་ཁྱེར་ནང་གི་ཁང་པ་དང་གཅིག་པ་གཅིག་རྐྱང་རེད”ཅེས་མྱོང་ཚོར་ཟབ་མོའི་སྒོ་ནས་བཤད།

    གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་ལ་རྒྱ་ཁྱོན་མུའུ་36ཡོད་པ་དང་དེར་ལུག་ར་དང་། ཕྱུགས་སྨན་ཁང་། ཚོད་ལྟ་ཁང་། གཟན་རྩྭའི་མཛོད་ཁང་། གཟན་ཆག་ལས་སྣོན་ཁང་བཅས་གཅིག་ཏུ་བསྡུས་ཡོད། ཉེ་བའི་ལོ་ཤས་རིང་གམ་པ་རྫོང་གིས་གམ་པའི་ལུག་གི་སྤུས་རྟགས་གཏོད་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས། མ་དངུལ་སྒོར་ཁྲི་456གྲབས་གསོག་བྱས་ཏེ་གམ་པའི་ལུག་གི་སྤུས་ཚད་བདེ་འཇགས་ཁུངས་འདེད་མ་ལག་དང་ཐོན་ལས་གྲངས་གཞི་ཆེ་མོའི་ལྟེ་གནས་བཙུགས་ཏེ། གམ་པའི་ལུག་འབྲོག་ར་ནས་གསོལ་ལྕོག་ཐོག་གཤོམ་པའི་བར་གྱི“ཐོན་རྫས་རེར་ཨང་རྟགས་རེའི”བརྒྱུད་རིམ་ཧྲིལ་པོ་ཁུངས་འདེད་ཐུབ་པར་བྱས་ཡོད། ན་ནིང་རྫོང་ཡོངས་སུ་གམ་པའི་ལུག་གསོ་ཚགས་གྲངས་འབོར་ཁྲི་20.3ཟིན་པ་དང་ལུག་ཐོན་ལས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་5952.3ཟིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཐའ་མཚམས་ས་ཁུལ་དུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་སྡོད་གནས་ཁ་ཐོར་ཡིན་པའི་ཁྱད་ཆོས་ལ་དམིགས་ཏེ། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་སྒོར་ཁྲི་1542གྲབས་གསོག་བྱས་ནས་ཉིང་ཁྲིའི་ས་ཁོངས་ཧྲིལ་པོའི་གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་རྒྱང་ཁྲིད་སྨན་བཅོས་མ་ལག་བསྐྲུན་པ་དེ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་55དང་ཐག་རིང་ལུང་ཁུག་གི་གྲོང་ཚོ་144ལ་ཁྱབ་པས་ཞིང་འབྲོག་པ་ཁྲི་3.5ཡི་རྒྱང་ཁྲིད་སྨན་བཅོས་ཀྱི་དགོས་མཁོ་སྐོང་ཐུབ་པ་བྱུང་ཡོད།

    ཏང་ཀྲུང་དབྱང་གི་ཐུགས་ཁུར་འོག་བོད་ཀྱིས་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བས་2021ལོའི་ལོ་མཇུག་བར་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།