[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ཉིང་ལྕགས་ལམ་གྱི་དམངས་ཕྱུག་བོད་དར་གྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-28

    ཉེ་ཆར། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་གཅིག་འཁོར་ཞིང་། ལོ་གཅིག་རིང་ལྷ་ཉིང་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་113.7དང་དངོས་ཟོག་ཏུན་ཁྲི་4.78སྐྱེལ་འདྲེན་བྱས་པས་ལམ་རྒྱུད་མི་རིགས་ཁག་གི་མི་དམངས་མང་ཚོགས་འགྲོ་སྐྱོད་སྟབས་བདེ་རུ་སོང་བ་དང་སྦྲགས། གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐུབ་ནས་དམངས་ཕྱུག་བོད་དར་གྱི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། 2021ལོའི་ཟླ་6ཚེས་25ཉིན་བོད་རང་སྐྱོང་ལྗོངས་ཀྱི་གློག་རླངས་ཅན་གྱི་ལྕགས་ལམ་དང་པོ་སྟེ། ལྷ་ཉིང་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ནས་བོད་ཀྱི་ཤར་ལྷོའི་ས་ཁུལ་དུ་ལྕགས་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་བ་དང་། བསྐྱར་དར་རྟགས་ཅན་གྱི་ས་མཐོའི་ཤུགས་འགྲེམས་མེ་འཁོར་འཛམ་གླིང་ཡང་རྩེའི་ཐོག་ཤར་གཏོང་ཐུབ་ཡོད། ལོ་གཅིག་རིང་ལྷ་ཉིང་ལྕགས་ལམ་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ་དང་འགྲུལ་ཟོག་སྐྱེལ་འདྲེན་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།

    ལྷ་ས་ནས་ཉིང་ཁྲི་བར་ཉིན་ལྟར་ཤུགས་འགྲེམས་མེ་འཁོར་ཐེངས་4དང་ཤིན་ཏུ་མྱུར་བའི་ཐད་གཏོང་མེ་འཁོར་ཐེངས་2གཏོང་གི་ཡོད་པ་དང་། གཞིས་རྩེ་ནས་ཉིང་ཁྲི་བར་ཤུགས་འགྲེམས་མེ་འཁོར་ཐེངས་2གཏོང་གི་ཡོད་པས་ཉིན་རེར་འགྲུལ་པ་མང་ཤོས་སྐབས་མི་ཐེངས་4300ལྷག་ཙམ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་ལམ་རྒྱུད་ཀྱི་འགྲུལ་པའི་འགྲོ་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    ལྷ་ཉིང་ལྕགས་ལམ་གྱིས་ལམ་རྒྱུད་གྲོང་ཁྱེར་དབར་གྱི་འགྲུལ་བཞུད་ཀྱི་དུས་ཚོད་ཐུང་དུ་ཕྱིན་པ་དང་། བོད་ཤར་ལྷོའི་དབུས་རྒྱུད་ཁུལ་དང་ལྗོངས་ཕྱིའི་མི་སྣ་ཕར་འགྲོ་ཚུར་འོང་དང་དཔལ་འབྱོར་ཚོང་དོན་སྤེལ་རེས་བྱེད་ཟབ་ཏུ་ཕྱིན་ཡོད་ལ། ལྷ་ས་དང་ཉིང་ཁྲི་སོགས་གྲོང་ཁྱེར་གྱི“ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ”རགས་ཙམ་ཆགས་ནས་དམངས་ཕྱུག་བོད་དར་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།