[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷ་ས་གྲོང་ཁྱེར་གྱིས་ད་ལོའི་ལུས་རྩལ་གྱི་ལས་དོན་ཁག་ཞིབ་ཚཌ་སུ་གཏོང་མཁན་ཡིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-24

    གསར་འགོད་པས་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་འཚོགས་པའི་2022ལོའི་གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། ལྷ་ས་གྲོང་ཁྱེར་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བརྗེ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད་ནས། ལུས་རྩལ་གྱི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་མཁན་རེད།

    རྒྱལ་ཁབ་དང་། བོད་སྐྱོར། ཁེ་ལས་བཅས་ཀྱིས་གཏོང་བའི་མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་ཧུར་ཐག་བྱས་ནས། ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྲོང་དོན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡེ་ཁུལ་འཚོ་བའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་སྤྱིའི་འཆར་འགོད་ཀྱི་བཀོད་སྒྲིག་ནང་དུ་བཅུག་ནས། དམངས་ཡོངས་ལུས་སྦྱོང་བྱ་ཡུལ་གྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་སར་ལུས་སྦྱོང་བྱེད་པར་སྟབས་བདེ་སྐྲུན་པ་དང་། རྫོང་དང་ཆུས་ཁག་གིས་ལུས་རྩལ་ཐང་འཛུགས་སྐྲུན་འཆར་འགོད་ཀྱི་ས་ཆ་སྔོན་ལ་ཉར་ནས་སྡེ་ཁུལ་གསར་པར་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་ཆས་སྐྲུན་པར་སྐུལ་འདེད་བཏང་ནས། གྲོང་ཁྱེར་དང་གྲོང་རྡལ་དུ་ལུས་སྦྱོང་བྱ་ཡུལ་རྒྱ་ཆེར་གཏོང་རྒྱུ་ཡིན་པ་དང་། དྲན་གསོའི་རྡོ་རིང་གི་ལུས་རྩལ་རྒྱན་ཤོག་སྤྱི་གླིང་དང་ལུས་རྩལ་ཐོན་ལས་གླིང་སོགས་ཀྱི་རྣམ་གྲངས་ལ་གང་མགྱོགས་སྐུལ་འདེད་གཏོང་རྒྱུ་རེད། 2022ལོའི་དམངས་ཡོངས་ལུས་སྦྱོང་གི་ཞན་ཆ་སེལ་བའི་རྣམ་གྲངས་28ཀྱི་ལག་བསྟར་ལ་སྐུལ་འདེད་གཏོང་བར་དམ་འཛིན་བྱས་ཏེ། གཙང་འགྲམ་ལུས་སྦྱོང་གི་བར་ཁྱམས་་མུ་མཐུད་འཛུགས་སྐྲུནཡག་པོ་བྱེད་པ་དང་། དོག་སྡེའི་རི་ལམ་སོགས་ལུས་སྦྱོང་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཞིང་འབྲོག་པའི་ལུས་སྦྱོང་ལས་གྲྭ་དང་དགོན་སྡེའི་ལུས་སྦྱོང་ལས་གྲྭར་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ་རེད། གྲོང་ཁྱེར་ཡོངས་ཀྱི་ལུས་རྩལ་ཐང་ལ་བསྡོམས་རྩིས་བྱེད་པ་དང་སྦྲགས་ལུས་སྦྱོང་སྒྲིག་བཀོད་བཀོད་སྒྲིག་གི་དཔེ་རིས་ཞིབ་ཕྲ་འགྲུབ་པར་བྱེད་རྒྱུ་རེད།

    ལྷ་སའི་རྩལ་འགྲན་ལུས་རྩལ་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་སྔོན་ཐོན་ཉམས་མྱོང་དཔྱད་གཞིར་འཛིན་གང་ཐུབ་བྱས་ཏེ། ཤེས་ལྡན་པ་གདམ་གསེས་དང་། གསོ་སྐྱོང་། དོ་དམ། ལྕག་སྐུལ་བཅས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་ཞིང་། རྩལ་འགྲན་ལུས་རྩལ་རྣམ་གྲངས་ཀྱི་བཀོད་པ་དང་འཆར་འགོད་ལེགས་སུ་བཏང་ནས། རྐང་རྩེད་སྤོ་ལོ་དང་། ལན་ཆིའུ་སྤོ་ལོ། མིག་མངས་སོགས་རྣམ་གྲངས་གཙོ་གནད་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག གསར་དར་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུ་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་གིས་ཧ་ཅང་དགའ་པོ་བྱེད་པ་མ་ཟད། སློབ་གྲྭར་སྤེལ་བར་འཚམ་པའི་ལུས་རྩལ་རྣམ་གྲངས་འཕེལ་རྒྱས་གཏོང་རྒྱུ་རེད།

    སྲིད་ཇུས་དང་ནོར་སྲིད་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱས་ཏེ། 《ལྷ་ས་གྲོང་ཁྱེར་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རོགས་སྐྱོར་བྱ་ཐབས》བཏོན་པ་དང་། གྲོང་ཁྱེར་གྱི་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་སྤྱོད་མ་དངུལ་བཙུགས་ནས། ལུས་རྩལ་འགྲན་བསྡུར་རྩེ་གྲ་གཉེར་བ་དང་ཆུ་ཚད་མཐོ་བའི་ལས་རིགས་ལུས་རྩལ་རོལ་རྩེད་ཁང་འཕེལ་རྒྱས་གཏོང་བ་སོགས་ལ་ཆེད་དོན་རོགས་སྐྱོར་ཤུགས་ཆེན་བྱེད་རྒྱུ་རེད། དར་སྲོལ་ལུས་རྩལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག ལྷ་སའི་ལམ་ཐག་ཕྱེད་ཀའི་མར་སུན་རྒྱང་རྒྱུག་དང་རྐང་འཁོར་བཞོན་ནས་ལྷ་ས་སྐོར་བའི་འགྲན་བསྡུར་ཆེན་པོ་སོགས་འགྲན་བསྡུར་མུ་མཐུད་ཡག་པོ་གཉེར་བ་དང་། ལུས་རྩལ་དང་ཡུལ་སྐོར་རིག་གནས་མཉམ་འདྲེས་གང་་མགྱོགས་ཐུབ་པར་བྱས་ནས་གྲོང་ཁྱེར་གྱི་རིག་གནས་མིང་བྱང་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།