[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “འགྱུར་ལྡོག་དེ་དག་མི་དེ་བས་མང་བར་ཤོད་པའི་རེ་བ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད”

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-23

    2016ལོའི་ཟླ་7ཚེས་18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཤིས་ཧའེ་ཀུའུ་ས་ཁུལ་དུ་རྟོག་ཞིབ་གནང་སྐབས། ཀུའུ་ཡོན་གྲོང་ཁྱེར་ཅིང་ཡོན་རྫོང་ཏ་དབན་ཤང་དབྱང་ལིང་གྲོང་ཚོའི་ཧུད་རིགས་གྲོང་མི་མཱ་ཁེ་ཅུན་གྱི་ཁྱིམ་དུ་ཕེབས་པ་རེད། ཉེ་ཆར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་མཱ་ཁེ་ཅུན་ལ་བཅར་འདྲི་ཞུས་པ་ཡིན།

    སྐབས་དེའི་གནས་ཚུལ་ཕྱིར་དྲན།

    ཉིན་དེའི་ཕྱི་དྲོ། ལིའུ་ཕན་ཧྲན་ས་ཁུལ་དུ་ཆར་པ་ཆེན་པོ་འབབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་ཆར་པར་མ་འཛེམས་པར་རི་འདབས་ཀྱི་མཱ་ཁེ་ཅུན་གྱི་ཁྱིམ་དུ་ཕེབས། དང་ཐོག་སྒོ་ར་ཆུང་ཆུང་དེའི་གཞོགས་གཅིག་ཏུ་ཡོད་པའི་བ་ཚང་དུ་ཕེབས་ནས་དངུལ་བུན་གྱི་སྐོར་དང་བཤས་ཁོངས་སུ་བཏང་བའི་ཕྱུགས་རིགས་རྒྱགས་གསོ་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་དང་འབྲེལ། མཱ་ཁེ་ཅུན་གྱིས་བརྗོད་པའི་གཏོང་ཡོང་གནས་ཚུལ་གསན་པ་རེད།

    དེ་རྗེས་སྤྱི་ཁྱབ་ཧྲུའུ་ཅི་མཱ་ཁེ་ཅུན་ཁྱིམ་གྱི་སྲོ་ཁྲིའི་སྟེང་བཞུགས་ཏེ་གྲོང་ཚོའི་ལས་བྱེད་པ་དང་། ཏང་ཡོན་གྱི་འཐུས་མི། ཕྱུགས་རིགས་གསོ་ཚགས་དུད་ཆེན། དུད་ཚང་དབུལ་པོའི་འཐུས་མི་བཅས་དང་ཅི་འཕྲོས་མོལ་འཕྲོས་གནང་ནས“ཤིས་ཧའེ་ཀུའུ་དེ་སྔ་སྐྱོ་པོ་ཡིན་པ་གང་སར་སྐད་གྲགས་ཡོད། ད་ཐེངས་ང་ཀུའུ་ཡོན་དུ་ཡོང་ཐེངས་གསུམ་པ་ཡིན། ངས་དཀའ་ཚེགས་ཆེ་བའི་གྲོང་གསེབ་ཏུ་སླར་ཡང་ལྟ་བར་འགྲོ་དགོས་ལུགས་བཏོན་པ་ཡིན”ཞེས་གསུངས་པ་རེད།

    གྲོང་མིའི་འཐུས་མི་ཚོས་ལོ་དེ་དག་ནང་གྲོང་ཚོའི་ནང་ཆུ་དང་། གློག ལམ། ཐོན་ལས་འཕེལ་རྒྱས་སོགས་ཕྱོགས་མང་པོའི་ཐད་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་ལྷག་དོན་དུ་དུད་ཚང་དབུལ་པོར་མི་རེས་ཆ་སྙོམས་འབྲུ་རིགས་མུའུ་རེ་དང་། ཚལ་མུའུ་རེ། བ་གླང་རེ་བཅས་འཕེལ་རྒྱས་གཏོང་བའི་རོགས་སྐྱོར་བྱེད་ཐབས་ལག་ལེན་བསྟར་བས། དུད་ཚང་དབུལ་པོའི་ཡོང་འབབ་མང་དུ་ཕྱིན་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཱ་ཁེ་ཅུན་གྱི་ལག་ནས་བཟུང་སྟེ“ཁྱེད་རང་ང་ལས་ཆུང་བ་ཡོད་པས་ངའི་གཅུང་པོ་རེད། ཁྱེད་རང་དང་ཡུལ་མི་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བ་མཐོང་སྐབས་ང་ཧ་ཅང་དགའ་པོ་འདུག”ཅེས་གསུངས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་དཀའ་སྤྱད་ངལ་རྩོལ་བྱས་པ་ལས་བྱུང་བ་ཞིག་རེད། ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ནི་དབུལ་སྒྲོལ་གྱི་རྩ་བའི་ཐབས་ཇུས་ཤིག་རེད། ཡུལ་བབ་དང་བསྟུན་ནས་ཐོན་ལས་སྐྱེད་སྲིང་བྱེད་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་རྩ་བའི་ཐབས་ལམ་དུ་བརྩི་དགོས་ཞེས་གསུངས་པ་རེད།

    “མཱ་ཁེ་ཅུན་གྱི་བསམ་ཚུལ”

    “གཅུང་པོ”ཞེས་པའི་བཀལ་མོལ་དེ་ངས་ཚེ་གང་བརྗེད་མི་སྲིད།

    སྤྱི་ཁྱབ་ཧྲུའུ་ཅིས“བདེ་སྐྱིད་ལྡན་པའི་འཚོ་བ་ནི་དཀའ་སྤྱད་ངལ་རྩོལ་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་གསུངས་པ་དེ་ངས་དེ་བས་བློ་ལ་བརྟན་པོར་ངེས་ཡོད། གང་ལགས་ཤེ་ན། ང་ཚོའི་གྲོང་ཚོའི་འཕེལ་རྒྱས་དེ་སྤྱི་ཁྱབ་ཧྲུའུ་ཅིའི་བཀལ་མོལ་དེ་དང་ཁ་འབྲལ་ཐབས་མེད་པས་རེད།

    དེ་སྔ་ང་དང་བཟའ་ཟླས་ས་ཞིང་མུའུ་ཁ་ཤས་བཏབ་ནས་ལྟོ་གོས་འཕྱིད་ཙམ་གྱི་འཚོ་བ་སྐྱེལ་གྱི་ཡོད། གནད་སྨིན་དབུལ་སྐྱོར་བྱས་རྗེས་རྒྱལ་ཁབ་ཀྱི་རོགས་སྐྱོར་འོག་ང་ཚོས་ཕྱུགས་རིགས་གསོས་པས་འཚོ་བ་ལེགས་སུ་ཕྱིན་སོང་། ལོ་དེ་དག་ནང་གྲོང་ཚོར་གཅིག་སྡུད་གསོ་ཚགས་ཁང་བཙུགས་པས་ངས་ཕྱུགས་རིགས་དེ་དག་གསོ་ཚགས་བྱེད་པར་བསྐྱལ་བས་ལོ་ལྟར་མ་མཐའི་ཁེ་སྤོགས་བགོ་འགྲེམས་རག་གི་འདུག

    སྐྱོད་སའི་ལམ་བུ་མ་ནོར་བས་གྲོང་ཚོ་དབུལ་སྒྲོལ་བྱུང་བ།

    ད་ཆ་གྲོང་ཚོ་མཛེས་ལ་གཙང་སྦྲ་དོད་པས་ཡུལ་སྐོར་དུ་ཡོང་མཁན་ཡང་མང་དུ་ཕྱིན་ཡོད། གྲོང་ཚོས་ད་དུང་ཡུལ་སྐོར་ལམ་ཐིག་བཟོས་ནས་མེ་ཏོག་མང་པོ་བཏབ་པ་དང་མི་མང་པོ་ཞིག་གིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་ཡོད།

    འཚོ་བར་འགྱུར་ལྡོག་ཆེན་པོ་འདི་འདྲ་བྱུང་བ་ལས་མཱ་ཁེ་ཅུན་གྱི་ལྟ་བར་ཡང་འགྱུར་ལྡོག་ཕྱིན་ཡོད། ལོ་འགའི་གོང་རྫོང་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་མཉམ་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པའི་གོ་སྐབས་རག་པ་དང་བསྟུན་ནས་ངས་ཐག་རིང་ཧྥུའུ་ཅན་ལ་ཐོག་མར་བསྐྱོད་པས་མཐོང་རྒྱ་ཆེ་རུ་ཕྱིན་སོང་། ཧྥུའུ་ཅན་བ་ཇ་འདེབས་རྒྱུ་དང་ཇ་འཚོང་རྒྱུར་དགའ་པོ་འདུག གང་སར་ཇ་འཚོང་ས་འདུག སྐབས་དེ་དུས་ངས་རི་ཁུག་ཏུ་ཇ་ཁང་ཞིག་འཛུགས་རྒྱུ་བྱུང་ན་བསམ་བྱུང་།

    ཁྱིམ་དུ་ལོག་ནས་ཡུན་རིང་མ་སོང་བར་ངས་བ་ཚང་དེ་ཇ་ཁང་ལ་བསྒྱུར་ཏེ། ཞོར་དུ་ཇ་དང་སྦྲང་རྩི་ལ་སོགས་པའི་ཡུལ་ཟོག་བཙོངས་པ་ཡིན། ཐག་རིང་གི་སྐུ་མགྲོན་ཚོ་དེ་གར་ངལ་གསོ་བ་དང་ཇ་ཚ་པོ་ཞིག་འཐུང་རྒྱུ་བྱུང་བ་མ་ཟད་ང་ལ་ཡང་ཡོང་འབབ་ཕྲན་ཙམ་ཡོང་གི་འདུག

    དབུལ་སྒྲོལ་དཔེ་སྟོན་དུད་ཚང་ཞིག་ཡིན་པའི་ངོས་ནས་ང་རང་ད་དུང་གྲོང་ཚོའི་ལོ་རྒྱུས་ཁང་གི་དོ་དམ་པར་གྱུར། ཡུལ་སྐོར་བ་ཡོང་རིམ་བཞིན་ངས་གཏམ་རྒྱུད་གཉིས་ཤོད་དགོས་པ་སྟེ། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་གྲོང་ཚོའི་ནང་རྟོག་ཞིབ་གནང་བར་ཕེབས་པའི་སྐོར་དང་གཅིག་ཤོས་ནི་ཡུལ་མི་རྣམས་དབུལ་སྒྲོལ་ཕྱུག་འགྱུར་བྱུང་བའི་སྐོར་རེད། ངས་འགྱུར་ལྡོག་དེ་དག་དངོས་སུ་བརྒྱུད་མྱོང་བས་མི་དེ་བས་མང་བར་ཤོད་པའི་རེ་བ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཡིན་ཁྲོན་ནས་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།