[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བརྗིད་ཆེའི་འཆར་གཞི་གསར་པ་བཀོད།

    སྤྱི་ཁྱབ་ཧྲུའུ་ཅིའི་ཞབས་རྗེས་སྙེག་པ་ལས་ཡུན་ནན་གྱི་ལེའུ།

  • ཡོང་ཁུངས།   མི་དམས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-22

    2598748_yis_1655785372804_s.jpg

    བསྐྱར་དར་རྟགས་ཅན་གྱི་མེ་འཁོར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་གྱི་ནན་ཤིས་གཙང་པོའི་ཟམ་ཆེན་ནས་བསྐྱོད་བཞིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་ཐེངས་གཉིས་གནང་ནས་ཡུན་ནན་འདི་ཉིད་རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གདོང་དམག ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས་བཅས་སུ་བསྐྲུན་པར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་ཁྲིད་སྟོན་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་ཡུན་ནན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་རང་འགུལ་ངང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་ཞུ་དང་མཉམ་འདྲེས་བྱས་ཏེ་སྤུས་ཚད་མཐོ་བའི་མཆོང་སྐྱོང་ལྟ་བུའི་འཕེལ་རྒྱས་ཀྱི་ལམ་བུ་ཧུར་ཐག་བཏོད་ཡོད།

    “སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པ་བྱེད་དགོས”

    2015ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས། ཡུན་ནན་ལ“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས”པའི་བླང་བྱ་བཏོན་པ་དང་འབྲེལ“ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པར་མི་རིགས་གཅིག་ཀྱང་ལུས་མི་རུང”ཞེས་ཀྱང་གསུངས་པ་རེད།

    ལོ་རྒྱུས་དང་རང་བྱུང་ཁོར་ཡུག་སོགས་ཀྱིས་རྐྱེན་པས་དབུལ་ཕོངས་དེ་སྔོན་མ་ཡུན་ནན་གྱི་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་དང་མཉམ་དུ་འགྲོགས་ནས་ཡོད། དབུལ་ཕོངས་ལས་གྲོལ་རྒྱུ་ནི་མི་རྣམས་ཀྱི་མི་རབས་ནས་མི་རབས་བར་གྱི་ཕུགས་འདུན་ཡིན།

    སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཕྱོགས་ཡོངས་ནས་བརྒྱབ་རྗེས། ཡུན་ནན་གྱིས་ཡུལ་བབ་དང་བསྟུན་པ་དང་། མི་རིགས་དང་བསྟུན་ནས་སྲིད་ཇུས་ལག་བསྟར། གནད་སྨིན་རོགས་སྐྱོར། བྱེད་ཐབས་གསར་གཏོད་བཅས་བྱས་ཡོད། 2020ལོའི་ཟླ་11པར་ཡུན་ནན་གྱི་ཐད་མཆོང་མི་རིགས་དང་མི་འབོར་ཅུང་ཉུང་བའི་མི་རིགས་11ཚང་མ་རྦད་དེ་དབུལ་སྒྲོལ་ཐུབ་ནས་མི་རིགས་ཚང་མ་དབུལ་སྒྲོལ་ཐུབ་ཡོད།

    2018ལོའི་ལོ་མཇུག་ཏུ། ཏུའུ་ལུང་རིགས་ཚང་མ་དབུལ་སྒྲོལ་ཐུབ་ཅིང་། 2019ལོའི་ཟླ་4ཚེས་10ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏུའུ་ལུང་ཅང་ཤང་གི་མང་ཚོགས་ལ་འཕྲིན་ལན་སྤྲིངས་ནས་ཡུལ་མི་ཚོར“དབུལ་སྒྲོལ་ནི་གོམ་སྟབས་དང་པོ་དེ་ཡིན། དེ་བས་ལེགས་པའི་འཚོ་བ་ད་དུང་ཕྱིས་སུ་ཡོད”ཅེས་སྐུལ་ལྕག་གནང་བ་རེད།

    ཏུའུ་ལུང་ཅང་ཤང་དུ་སྐྱོད་སྐབས་སྔོན་མའི་རྩྭ་ཁང་དག་ད་ཆ་ཏུའུ་ལུང་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྡོད་ཁང་གསར་པར་གྱུར་པ་དང་གཙང་སྦྲ་ལྡན་པའི་ཨར་འདམ་ལམ་ཡང་བསྐྲུན་ཡོད། 2021ལོར་ཤང་ཡོངས་ཀྱི་ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.5ཙམ་ཟིན་པ་དང་དུད་ཚང་རེའི་ཆ་སྙོམས་བཅོལ་དངུལ་སྒོར་ཁྲི་4ལས་བརྒལ་ཡོད་ལ། 85%ཡན་གྱི་ཁྱིམ་ཚང་ལ་འཕྲུལ་སྒུལ་འཁོར་རིགས་ཀྱང་ཡོད།

    2020ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས“གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་མགྱོགས་མྱུར་འཕེལ་རྒྱས་གཏོང་དགོས། སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་གི་ཕན་པ་ཐོབ་པ་བྱེད་དགོས”ཞེས་ནན་བཤད་གནང་བ་རེད། ཐེང་ཁྲུང་གྲོང་ཁྱེར་སན་ཅ་གྲོང་ཚོའི་ཀྲུང་གྲོང་སྡེ་སི་མོ་ལ་ཝ་རིགས་གྲོང་ཚོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་གསེབ་དར་རྒྱས་དང་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་གྱི་གནས་ཚུལ་མཁྱེན་རྟོགས་གནང་རྗེས། ཡུལ་མི་ཚོ་དབུལ་སྒྲོལ་བྱུང་བ་དེ་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་པའི་གོམ་པ་དང་པོ་ཡིན་ལ། འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་ཡིན་ཞེས་གསུངས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་ལ་སྲུང་བརྩི་ཞུས་ནས་ཡུན་ནན་གྱིས་དབུལ་སྒྲོལ་མི་འབོར་གྱི་ཡོང་འབབ་མུ་མཐུད་འཕར་བའི་ལོ་གསུམ་བྱ་སྤྱོད་འཆར་གཞི་ལག་ལེན་བསྟར་བས་དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་ཕྱིན་ཡོད། འདི་ལོའི་དུས་ཚིགས་དང་པོར་ཡུན་ནན་གྱི་དབུལ་སྒྲོལ་རྫོང་གི་ཞིང་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་3651ཟིན་ནས་7%འཕར་ཏེ་ཡོང་འབབ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་བྱུང་ཡོད།

    2020ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེང་ཁྲུང་གྲོང་ཁྱེར་ཧོ་ཧྲུན་གནའ་གྲོང་དུ་རྟོག་ཞིབ་གནང་སྐབས། ཧོ་ཧྲུན་དཔེ་དེབ་ཁང་དུ་ཕེབས་ནས་གནའ་བོའི་གྲོང་རྡལ་གྱི་ལོ་རྒྱུས་རིག་གནས་མཁྱེན་རྟོགས་གནང་བ་མ་ཟད། གནའ་བོའི་དར་གོས་ལམ་བུའི་རིག་གནས་སློབ་གསོར་གཙིགས་ཆེན་གྱི་ཕུལ་བྱུང་སྲོལ་རྒྱུན་ལ་གཟིགས་ཞིབ་གནང་ཁར། ཞབས་ཐང་མར་གནའ་བོའི་སྲང་ལམ་དུ་ཕེབས་ནས་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་བཀའ་མོལ་ཡང་གནང་བ་རེད།

    ཉེ་བའི་ལོ་ཤས་རིང་། ཡུན་ནན་ཞིང་ཆེན་གྱིས་ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་འཛུགས་སྐྲུན་གྱི་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ནས། ཁྱད་ལྡན་ཤང་དང་གྲོང་རྡལ་30དང་ཁྱད་ལྡན་གྲོང་སྡེ་780བསྐྲུན་པའི་ནང་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་གྲོང་སྡེ་247ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ”ཞེས་མིང་བཏགས་ཡོད།

    མིག་སྔར་ཡུན་ནན་གྱི་གྲོང་ཁྱེར(ཀྲོའུ)11རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ཀྲོའུ)དང་། རྫོང(གྲོང་ཁྱེར་དང་ཆུས)33རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས) ཚན་པ་51རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པ་བཅས་ལ་བཏོད་ཡོད།

    “མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས”

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཐུགས་ཁུར་གཟབ་བཞེས་གནང་གི་ཡོད། 2015ལོའི་ཟླ་དང་པོར་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱིས“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་མིག་འབྲས་ལ་སྲུང་སྐྱོང་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས”པའི་བླང་བྱ་བཏོན་གནང་བ་དང་འབྲེལ་ཡུན་ནན་གྱི“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་སྣེ་ཁྲིད་དམག”གི་ངེས་གནས་གསར་པ་ཁ་གསལ་བཏོན་གནང་བ་རེད། 2020ལོའི་ཟླ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཡུན་ནན་གྱི་སྐྱེ་ཁམས་གནས་བབ་གལ་འགངས་ཆེ་བ་དང་རང་རང་སོ་སོའི་ལེགས་ཆ་ལྡན་པས། འགག་རྩ་ནི་སྲུང་སྐྱོང་གི་འགན་འཁྲི་ཡག་པོ་འཁུར་རྒྱུར་ཐུག་ཡོད་ཅེས་སླར་ཡང་ནན་བཤད་གནང་བ་རེད།

    2015ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཨེར་ཧའེ་མཚོ་འགྲམ་དུ་ཕེབས་ནས་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་གནས་ཚུལ་ལ་གཟིགས་ཞིབ་ཞིབ་ཕྲ་གནང་བ་མ་ཟད། ཨེར་ཧའེ་མཚོ་སྲུང་སྐྱོང་གནས་ཚུལ་གྱི་ངོ་སྤྲོད་གསན་ནས་ངེས་པར་དུ་ཨེར་ཧའེ་མཚོ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ནན་བཤད་ཀྱང་གནང་བ་རེད།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། ཏ་ལི་ཀྲོའུ་ཡིས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་329.8བཏང་ནས་ཨེར་ཧའེ་མཚོ་བཅོས་སྐྱོང་དང་། མཚོ་འགྲམ་དུ་ཡོད་པའི་སྡོད་ཁང་1806བཤིག་པ། མཚོ་འགྲམ་གྱི་ས་ཞིང་མུའུ་1029སོར་འཇོག་བཅས་བྱས་ཡོད། ད་ཆ་རིང་ཚད་ལ་སྤྱི་ལེ་129ཟིན་པའི་ཨེར་ཧའེ་མཚོ་སྐོར་གྱི་སྐྱེ་ཁམས་བར་ཁྱམས་ལམ་ཤར་གཏོང་ཐུབ་ཡོད་པ་དང་། “མཚོ་སྐོར་དུ་གྲོང་ཁྱེར་བསྐྲུན་པ་དང་མཚོ་སྐོར་ལ་གཞིགས་ནས་བཀོད་སྒྲིག་བྱེད་པའི”འཕེལ་རྒྱས་གཏོང་སྟངས་ལ་རྦད་དེ་འགྱུར་ལྡོག་ཕྱིན་ཡོད། 2020ལོ་དང་2021ལོར་ཨེར་ཧའེ་མཚོའི་ཆུའི་སྤུས་ཚད་ལོ་གཉིས་བསྟུད་མར་ལེགས་པོ་རྒྱུན་འཁྱོངས་ཐུབ་ཡོད།

    ཨེར་ཧའེ་མཚོའི་འགྱུར་ལྡོག་དེ་བཅོས་སྐྱོང་གི་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཕྱིན་པ་ལས་བྱུང་བ་ཞིག་རེད། “སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་གལ་ཆེན་ལས། བུ་རབས་ཚ་རྒྱུད་ཆེད་དུ་རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི་ཡིན་པ་ཤེས་རྟོགས་ཟབ་མོ་ཐུབ་པ་མ་ཟད། ལོ་དེ་དག་ནང་སྲུང་སྐྱོང་གི་འདུ་ཤེས་ཀྱང་མི་སེམས་ལ་གཏིང་ཟབ་ཟུག་ཡོད”ཅེས་ཨེར་ཧའེ་མཚོ་འགྲམ་དུ་འཚོ་བ་སྐྱེལ་བཞིན་པའི་ཏ་ལི་གྲོང་ཁྱེར་དབན་ཆའོ་གྲོང་རྡལ་ཀུའུ་ཧྲེང་གྲོང་ཚོའི་གྲོང་མི་ལི་ཏེ་ཁྲང་གིས་བརྗོད།

    མིག་སྔར་ཡུན་ནན་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་དང་རྫོང་12དང“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག”པའི་ལག་ལེན་གསར་གཏོད་རྟེན་གཞི་6བསྐྲུན་པ་དང་། ལྗང་མདོག་ནུས་རྒྱུ་དང་། ལྗང་མདོག་བཟའ་བཅའ། བདེ་ཐང་འཚོ་བ་བཅས་ཀྱི་དམིགས་སའི་ཁུལ་གྱི“མིང་བྱང་གསུམ”བཏོད་པའི་ནང་ལྗང་མདོག་ནུས་རྒྱུ་དེ་ཡུན་ནན་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཆེ་ཤོས་སུ་གྱུར་པ་དང་2021ལོར་ཞིང་ཆེན་ཡོངས་ཀྱི་ལྗང་མདོག་ནུས་རྒྱུའི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་9500ལས་བརྒལ་ཡོད།

    2021ལོར《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པའི་དུས་མཚམས་དང་པོའི་ཚོགས་འདུ་ཁུན་མིང་དུ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང“གླང་ཆེན་བྱང་ལ་བསྐྱོད་ནས་ལྷོར་ལོག་པ”དེ་ཀྲུང་གོས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།

    “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྣམ་པ་གསར་པ་གཏོད་དགོས”

    2015ལོའི་ཟླ་དང་པོ་དང་2020ལོའི་ཟླ་དང་པོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་ཐེངས་གཉིས་གནང་ནས་སྔ་རྗེས་སུ་ཡུན་ནན་ལ“ཨེ་ཤེ་ཡ་ལྷོ་མར་ཕྱོགས་པ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁྱབ་འགྱེད་ལྟེ་གནས”སུ་ཧུར་ཐག་འགྱུར་བ་བྱེད་པ་དང“ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཕྱོགས་པའི་ཁྱབ་འགྱེད་ལྟེ་གནས”ཧུར་ཐག་བསྐྲུན་པའི་ཐད་འཕེལ་རྒྱས་གསར་པ་ཟམ་མི་ཆད་པར་ཡོང་བའི་ཐུགས་རེ་གནང་བ་དང་འབྲེལ་བསམ་བློར་བཅིངས་འགྲོལ་དང་དུས་བསྟུན་འཕེལ་རྒྱས་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་བརྟེན་ནས་འདུ་ཤེས་རྙིང་པ་དོར་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རྣམ་པ་གསར་པ་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།

    ཕྱོགས་ཡོངས་དང་ཕྱོགས་བསྡུས་ཅན་གྱི་སྒོ་དབྱེའི་ལས་སྟེགས་མ་ལག་བསྐྲུན་ཞིང་། ཀྲུང་གོའི(ཡུན་ནན)རང་མོས་ཚོང་དོན་ཚོད་ལྟ་ཁུལ་ཁྲིད་སྟོན་དུ་བྱས་ཏེ་ཚོང་དོན་དང་དྲ་ཐོག་ཚོང་དོན་སོགས“རྒྱལ་སྒྲོལ་བརྒྱད”ཀྱི་གསར་གཏོད་བྱེད་ཐབས་བཏོན་པས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་དུ་2021ལོར་གསར་དུ་ཐོ་འགོད་བྱས་པའི་ཁེ་ལས་ཁྲི་2ཙམ་ཟིན་པ་དེ་དུས་མཚུངས་ལས་7.8%འཕར་ཡོད།

    ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནི་ཀྲུང་གོ་དང་ལོ་སི་རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ཀྱི་རྣམ་གྲངས་གལ་ཆེན་ཞིག་རེད། 2021ལོའི་ཟླ་12པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྙན་ལམ་ཐོག་ནས་ཀྲུང་གོ་དང་ལོ་སིའི་མེ་འཁོར་ཤར་གཏོང་ཐུབ་པའི་མཛད་སྒོར་ཞུགས་ནས“ལམ་ཐིག་ཡག་ཤོས་བཏོད་དེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་བདེ་སྐྱིད་བསྐྲུན་དགོས”ཞེས་གསུངས་པ་རེད། བསྡོམས་རྩིས་ལས་མངོན་པར། ན་ནིང་ཟླ་12པར་མེ་འཁོར་ཤར་གཏོང་ཐུབ་པ་ནས་འདི་ལོའི་ཟླ་6ཚེས་2ཉིན་བར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ཕྱེད་རིང་། རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་327དང་དངོས་ཟོག་ཏུན་ཁྲི་403དབོར་འདྲེན་བྱས་པ་དང་འགྲུལ་པ་དང་དངོས་ཟོག་དབོར་འདྲེན་ཐད་སྤུས་འབོར་གཉིས་ལྡན་བྱུང་ནས་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་ཆེ་མོའི་ནུས་པ་ཉིན་རེ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད།

    འདི་ལོའི་ཟླ་དང་པོར་བཀྲམ་པའི《ཡུན་ནན་ཞིང་ཆེན་གྱིས་PCEPདང་མགྱོགས་མྱུར་འབྲེལ་མཐུད་བྱེད་པའི་བྱ་སྤྱོད་འཆར་གཞིའི》ནང་ཕྱོགས་ལྔའི་ཐད་ཀྱི་བྱ་ཐབས་ཁག་21བཏོན་ནས་ཕྱི་ཕྱོགས་ཚོང་དོན་བརྟན་པོའི་ངང་འཕར་བ་དང་སྤུས་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་འཕེལ་རྒྱས་ཆེ་མོར་སྐུལ་འདེད་བཏང་ཞིང་། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཡུན་ནན་གྱི་དཔལ་འབྱོར་བསྡོམས་འབོར་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་བྱུང་བ་དང་། 2021ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.71ཟིན་ནས་7.3%འཕར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་འོག་ཡུན་ནན་གྱིས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གསར་པ་གཏོད་བཞིན་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ཁུན་མིང་ནས་འབྱོར་བའི་གློག་འཕྲིན)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།