[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འབྲི་རུ་རྫོང་ཚ་ཆུ་ཤང་མར་ཁུག་གྲོང་ཚོའི་རྣམ་པ་གསར་པ།

    གྲོང་པ་ཁྱིམ་མཚེས་འཆམ་མཐུན་ལྡན། ཡུལ་མི་ཕན་ཚུན་མཛའ་བརྩེ་ཟབ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-06-10

    ཉེ་དུས་གསར་འགོད་པ་ཚ་ཆུ་ཤང་མར་ཁུག་གྲོང་ཚོར་བསྐྱོད་དེ། ཞིང་འབྲོག་མང་ཚོགས་དང་གྲོང་སྡོད་ལས་དོན་རུ་ཁག་གི་ས་ནས་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་དང་། དང་བླངས་ཞབས་ཞུ། གཞི་རིམ་བཅོས་སྐྱོང་སོགས་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་ཉན་པ་ཡིན།

    ལོང་བ་མི་ཧྲེང་རྒན་རྒོན་ལ་ལྟ་རྟོག་བྱེད་མཁན་མི་རབས་གཉིས།

    སྒྲོལ་མ་ནི་མར་ཁུག་གྲོང་ཚོའི་རྒས་མོ་ལོང་བ་ཞིག་རེད། “རང་ཉིད་ལ་བདེ་སྐྱིད་ལྡན་པའི་འཚོ་བ་འདི་འདྲ་སྐྱེལ་རྒྱུ་ཡོང་སྙམ་པ་རྨི་ལམ་དུའང་རྨི་མྱོང་མེད། ངའི་མིག་གཉིས་ལོང་བས་ལོ་40ལའང་གསོན་ཨ་ཡོང་སྙམ་བྱུང་། ད་ལྟ་ལོ་75ལ་སླེབས་སོང་། དེ་དག་ཚང་མ་ནི་ཚེ་དབང་མགོན་པོའི་ཁྱིམ་ཚང་གིས་ང་ལ་ལྟ་རྟོག་བྱས་པ་ལས་བྱུང་བ་རེད”ཅེས་གླེང་མོལ་བྱེད་སྐབས་སྒྲོལ་མས་སེམས་འགུལ་ཐེབས་བཞིན་གསར་འགོད་པར་བཤད།

    “སྒྲོལ་མ་ནི་ང་ཚོའི་ཁྱིམ་གྱི་ཐག་རིང་གཉེན་ཚན་རེད། ང་ཆུང་དུས་ཁོང་གི་མིག་ཡ་གཅིག་ལོང་བ་ཡིན་ཞིང་། སྐབས་དེ་དུས་ངའི་ཨ་ཁུ་རྒན་པས་ཁོང་ལ་ལྟ་རྟོག་བྱེད་ཀྱི་ཡོད། དུས་རྒྱུན་ཨ་ཁུ་རྒན་པས་ཨ་ཁུ་ཚོའི་སྣེ་ཁྲིད་དེ་ཁོང་གི་ཁྱིམ་ལ་རོགས་རམ་བྱེད་པར་འགྲོ་གི་རེད། ཕྱིས་སུ་སྒྲོལ་མའི་མིག་གཞན་པ་དེའང་ལོང་སོང་། སྐབས་དེར་ཨ་ཁུའང་ལོ་ན་རྒས་པས་ཁོང་ལ་ལྟ་རྟོག་བྱེད་ཐབས་བྲལ་ཡོད། སྒྲོལ་མ་གཉེན་སྒྲིག་བྱས་མེད་པ་དང་ཕ་མ་གཉིས་ཀྱང་སྔ་རྗེས་སུ་ཚེ་ལས་འདས་པས་འཚོ་བ་རང་རྐྱ་འཕེར་མི་ཐུབ་སྟབས། 1982ལོ་ནས་ད་བར་རང་ཁྱིམ་དུ་བསུས་ཏེ་ལྟ་རྟོག་བྱས་པ་རེད” ཚེ་དབང་མགོན་པོས“ནམ་ཞིག་རང་ཉིད་ལ་བསམ་ཡུལ་ལས་འདས་པའི་བར་ཆད་ཕྲད་ནའང་། སྒྲོལ་མ་ནི་ང་ཚོའི་ནང་མི་ལྟ་བུ་ཡིན་པས། ངའི་བུ་དང་བུ་མོས་མུ་མཐུད་ལྟ་རྟོག་བྱེད་ངེས་རེད”ཅེས་བཤད།

    ཨང་དང་པོར་བརྔས་པའི་ནས་ཀྱི་ཞིང་ཁ།

    ནོར་བུ་དབང་ཆེན་ད་ལོ་ལོ་53ལ་སླེབས་པ་དང་གཉེན་སྒྲིག་བྱས་མེད། ཁྱིམ་དུ་ཨ་མ་དང་། གཅུང་མོ། ད་དུང་ནར་མ་སོན་པའི་ཕྲུ་གུ་ཞིག་བཅས་ཡོད། སྔོན་ཆད་ཞིང་ཁ་རྔ་སྐབས། ཁོ་པས་ཞིང་ཁའི་ཉེ་འཁོར་དུ་གུར་བརྒྱབ་སྟེ་ནང་མི་ཚང་མས་དུས་ཡུན་ཟླ་གཅིག་བརྔས་ན་གཞི་ནས་བརྔས་ཚར་གྱི་ཡོད།

    2021ལོའི་ཟླ་9པར་འབྲི་རུ་རྫོང་དུ་ཆར་ཤོད་ལོ་གོང་མ་ལས་མང་བའི་ཁར་ལོ་ཏོག་སྨིན་ནས་རྔ་རན་མོད། འོན་ཀྱང་ཆར་པ་འབབ་མཚམས་མ་ཆད་པས་རི་སྟེང་དུ་ཕྱུགས་འཚོ་བཞིན་པའི་ནོར་བུ་དབང་ཆེན་ལ་དངངས་འཚབ་ཆེན་པོ་སྐྱེས། ཁོ་པ་དེ་མུར་རི་ལས་བབས་ཏེ་ཞིང་ནང་དུ་ལྟ་བར་བསྐྱོད་ཅིང་། ལོ་ཏོག་རྣམས་ཆར་ཆུས་བརླན་པ་མཐོང་དུས་ཅི་བྱ་གཏོལ་མེད་དུ་གྱུར། ག་བྱེད་འདི་བྱེད་མེད་པའི་མཚམས་སུ་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང“གཉིས་ལྡན་དུད་སྦྲེལ”ཁག་བདུན་པའི་སྤྱི་མིས་འཕྲལ་མར་ཡུལ་མི་སྒྲིག་འཛུགས་བྱས་ཏེ་ཁོང་གི་ཁྱིམ་ལ་ཞིང་ཁ་རྔ་རོགས་བྱས། ཆར་པའི་ཁྲོད་གྲོང་མི་21གིས་ཉིན་གཅིག་བརྔས་མཐར་ནོར་བུ་དབང་ཆེན་ཁྱིམ་གྱི་ནས་ཚང་མ་བརྔས་ཟིན་པ་མ་ཟད་ཁྱིམ་དུ་དབོར་བ་རེད།

    “བཙས་མི་དཔུང་ཁག་འདི་ནི་རང་གྲོང་ཚོའི་དང་བླངས་ཞབས་ཞུའི་རུ་ཁག་ཡིན་ཞིང་། ཁོ་ཚོ་འགའ་རེ་ནི་ཏང་ཡོན་དང་། འགའ་རེ་ནི་མང་ཚོགས། འགའ་རེ་ནི་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་རེད”ཅེས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་དཀོན་མཆོག་ཆོས་མཚོས་ངོ་སྤྲོད་བྱས།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱིས་ཤང་སྲོལ་ཤེས་དཔལ་ལ་སྣེ་ཁྲིད་པ།

    “གྲོང་པ་ཁྱིམ་མཚེས་ཕན་ཚུན་ལྟ་རེས་སྐྱོང་རེས་བྱེད་པ་ནི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་གཞི་རྟེན་གལ་ཆེན་ཞིག་རེད་ལ། ང་ཚོས་ཤང་སྲོལ་ཤེས་དཔལ་འཛུགས་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད” འབྲི་རུ་རྫོང་མར་ཁུག་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ལས་དོན་རུ་ཁག་གི་རུ་དཔོན་ཏུང་ལེ་ཡིས། “གྲོང་སྡོད་ལས་དོན་རུ་ཁག་གི་ལས་འགན་དང་པོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཞིང་ནང་མུ་ཁ་དང་མི་སེར་གྱི་སེམས་སུ་རྩ་བ་ཚུགས་ཐུབ་པར་བྱེད་དགོས”ཞེས་བཤད།

    ན་ནིང་ཟླ་4པ་ནས་བཟུང་གྲོང་སྡོད་ལས་དོན་རུ་ཁག་གིས་མར་ཁུག་གྲོང་ཚོར“གྲོང་གསེབ་ཀྱི་མཚན་མོའི་སློབ་གྲྭ”བཙུགས་པ་དང་། གྲོང་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོ“ཨུ་ལྷན་གཉིས” རིགས་གཅིག་མཁས་ཅན་དང་འཇོན་ཐང་ཅན་བཅས་ཀྱིས་དགེ་རྒན་གྱི་འགན་ཁུར་ཏེ་གཟའ་འཁོར་གཉིས་རེར་སློབ་ཚན་ཐེངས་རེ་མཐའ་འཁྱོངས་འཚོག་པ་དང་། ཡུལ་བབ་དང་བསྟུན་པ་དང་གྲོང་ཚོར་བསྟུན་ནས་སློབ་ཁྲིད་བྱེད་པ། དགོངས་པ་གཙོ་བོ་དང་། བཅའ་ཁྲིམས་ཤེས་བྱ། དམངས་ཕན་སྲིད་ཇུས། ཚན་རྩལ་བཀོལ་སྤྱོད་སོགས་ཀྱི་ཤེས་བྱ་གཙོ་གནད་སློབ་ཁྲིད་བྱས་པས། གྲོང་གསེབ་ཀྱི་ཏང་ཡོན་ལས་བྱེད་པ་ཉིན་མོར་སློབ་སྦྱོང་བྱེད་པའི་ཁོམ་པ་མེད་པ་དང་དགོང་མོར་སློབ་སྦྱོང་བྱེད་ས་མེད་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་རེད།

    སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་རྒྱ་ཁྱབ་བྱས་ནས་སྤྱི་ཕན་བྱེད་སྒོ་སྤེལ་བ་དང་སྤྱི་ཚོགས་ཀྱི་ཁེ་ལས་དང་མཐུན་སྦྱོར་བྱས་ནས་སྒོར་ཁྲི་45རི་བའི་རྩམ་པ་དང་། འབྲས། སྣུམ། སྲིང་བལ་གྱོན་གོས་སོགས་དངོས་ཟོག་སྣ་ཚོགས་ཞལ་འདེབས་བརྒྱབ་པ་དང་། གཅེས་སེམས་ཁེ་ལས་དང་མཐུན་སྦྱོར་བྱས་ནས་གྲོང་ཚོའི་བུ་བཅོལ་ཁང་ལ་སྒོར་ཁྲི་5རི་བའི་གློག་ཀླད་དང་། བརྙན་ཕབ་ཡོ་ཆས། བརྙན་འཕྲིན། སློབ་ཁྲིད་དངོས་རྫས་སོགས་ཞལ་འདེབས་བརྒྱབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།