[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྐྱེ་ཁམས་རྣམ་པ་དར་བཞིན་རྒྱས། སྔོ་ལྗང་སྲུང་ཡོལ་བྲག་ལྟར་བརྟན།

    —— རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-03-27

    རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག ད་ཕན་ལོ་ཤས་རིང་། རང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུཌ་སྐྲུན་ལ་དམ་པར་དམིགས་པ་དང་། གཙོ་གནད་ལས་དོན་ལ་གཞི་ཚུགས་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་ཁོར་ཡུག་སྤུས་ཚད་ཚང་མ་ལེགས་པོ་ཡོང་བར་སྐུལ་མ་ཐེབས་ཏེ་སྐྱེ་ཁསས་ཤེས་དཔལ་དཔེ་སྟོན་འཛུགས་གཏོད་ཀྱི་ལས་དོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་ཡོད། 2021ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གཙོ་བོའི་ཁོར་ཡུག་དང་མཁའ་རླུང་སྤུས་ཚད་ཚང་མ་ལེགས་པོ་རྒྱུན་འཁྱོངས་བྱུང་བ་དང་། ལྗོངས་ཡོངས་ཀྱི་གཙང་པོ་དང་མཚོ་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་རིགས་Ⅲཀྱི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་བྱུང་ནས་གྲོང་ཁྱེར་དུ་དྲི་ངན་གྱི་བཙོག་ཆུ་མཐོང་རྒྱུ་མེད། རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཅན་ཐག་གཅོད་བྱེད་ཚད་97.34%བར་མཐོ་རུ་ཕྱིན་པ་དང་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལོ་གཉིས་བསྟུད་མར་དཔྱད་ཞིབ་ཀྱི“ཕུལ་བྱུང”དུ་སླེབས་ཡོད།

    འཐབ་ཇུས་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བ།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ལྷུན་རྩེའི་ལུང་གཞུང་གང་སར་སྔོ་ལྗང་གིས་བརྒྱན་ལ་མཁའ་རླུང་གཙང་ཞིང་། ལོ་ངོ་50ལྷག་ཙམ་གོང་གི་གནས་ཚུལ་སྐོར་གླེང་སྐབས། ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་མང་མཚོ་གྲོང་ཚོའི་བགྲེས་སོང་བསོད་ནམས་ལྷ་རྒྱལ་གྱིས་མགོ་བོ་གཡུག་གཡུག་བྱེད་བཞིནདུ། “དེ་སྔོན་ལྷུན་རྩེ་ལུང་གཞུང་དུ་རྩི་ཤིང་སོགས་མི་སྐྱེ་ལ། གཙང་ཆུ་བསྐམས་པ་དང་བྱེ་རླུང་གིས་ནམ་མཁའ་བཏུམས་ནས་སྡོད་ཀྱི་ཡོད”ཅེས་བརྗོད་བྱུང་། སྐབས་དེ་དུས་ལྷུན་རྩེ་ལུང་གཞུང་དུ་ལོ་གཅིག་ནས་ཟླ་བ་བརྒྱད་བྱེ་རླུང་ལྡང་བས་ལས་བྱེད་པ་དང་མང་ཚོགས་ལ་དཀའ་ངལ་ཆེན་པོ་བཟོ་ཡི་ཡོད།

    “ལྷུན་རྩེ་གནས་དགོས་བསམས་ན། བྱེ་རླུང་འགོག་དགོས། བྱེ་རླུང་འགོག་དགོས་བསམས་ན་ལྕང་མ་མང་ཙམ་འདེབས་དགོས”1964ལོར་ཞིང་པ་ཤང(ད་ཆའི་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་གྱི་ཞིང་པ་གྲོང་ཚོ)གི་ཤང་ཀྲང་གཡང་འཛོམས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བྱེ་ཐང་དུ་གླ་ཚེར་དང་སྦྱར་དཀར་སོགས་བཏབ་ནས་ཁྱིམ་གཞིས་སྲུང་སྐྱོང་དང་ཤིང་འཛུགས་བྱེ་འགོག་གི་དམག་འཐབ་ལྷུན་རྩེའི་ལུང་གཞུང་དུ་དངོས་སུ་རྒྱག་པའི་བློ་ཐག་བཅད། ལོ་ངོ་60ཙམ་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། ལྷུན་རྩེ་ལུང་གཞུང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། 2019ལོར་ལྷུན་རྩེ་རྫོང་རྒྱལ་ཡོངས་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་གསུམ་པར་གཏན་འཁེལ་བྱས། 2019ལོའི་ཟླ་དགུ་པར་ལྷུན་རྩེ་རྫོང་གི་གླ་ཚེར་ནགས་ཚལ་འཛམ་གླིང་ཐོ་འགོད་བདེན་དཔང་སྒྲིག་གཞིས(WRCA)“འཛམ་གླིང་གི་མི་ཐབས་ལ་བརྟེན་ནས་བཏབ་པའི་ཡུག་སྦྲེལ་གླ་ཚེར་ཆེ་ཤོས”ལ་གཏན་འཁེལ་བྱས་པ་རེད།

    ལྷུན་རྩེ་ལུང་གཞུང་གི་འགྱུར་ལྡོག་ནི་རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཏན་ཏིག་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། ད་ཕན་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་བརྒྱབ་སྟེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་དགོས་པའི”འཐབ་ཇུས་བཀོད་སྒྲིག་ཁ་གསལ་བཏོན་ནས། འབྱུང་འགྱུར་ལོ་ལྔ་དང་ཐ་ན་སླད་ཕྱིན་དུས་སྐབས་ཤིག་རིང་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པའི་བརྗིད་ཆེའི་འཆར་གཞི་བཀོད་ཡོད།

    ཞབས་འདེགས་ཡག་པོ་ཞུས་ནས་དོ་དམ་ལ་དམ་འཛིན་བྱས་པར་བརྟེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་ཕྱིན་པ།

    2021ལོ་ཚུན། རང་ལྗོངས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྨང་གཞིའི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྒྲོལ་སྐྱེ་ཁམས་ཁོར་ཡུག་ཤུགས་རྐྱེན་ལ་ཞིབ་འཇུག བཙོག་འབུད་ཉུང་གཏོང་དང་ཐཱན་ཉུང་མཐུན་སྦྱོར་ཕན་འཕར་དམ་འཛིན་བྱ་གཞིར་བརྩི་བ་བཅས་བྱས་ཏེ། “ཐཱན་གཉིས”ཀྱི་ལས་དོན་ལ་གཞོགས་འདེགས་བྱས་ཡོད། 2020ལོའི་སྦགས་བཙོག་དངོས་པོ་གཙོ་བོ་འབུད་ཚད་ཉུང་གཏོང་གི་རང་བཤེར་ལེགས་སྒྲུབ་བྱས་པ་དང་། ལྗོངས་ཡོངས་ཀྱི་སྦགས་བཙོག་འབུད་ཚད་བསྡོམས་འབོར་རྒྱལ་ཁབ་ཀྱི་ཞིབ་དཔྱད་གཏན་འབེབས་ཁྱབ་ཁོངས་སུ་ཚོད་འཛིན་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་100%ཟིན་པ་དང“འབྱུང་འཕྲོད་བཟོ་གྲྭ”8ཡོད་པ་རེད།

    སྐྱེ་ཁམས་ཞབས་ཞུའི་ཐད། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟམ་མི་ཆད་པར་ཟབ་ཏུ་བཏང་བར་བརྟེན། དེ་བས་རང་འགུལ་ངང་ཚོང་གཉེར་ཁོར་ཡུག་བཟང་སྒྲིག་ཐུབ་ཡོད། ལས་རིགས་53གྱི་འཛུགས་སྐྲུན་རྣམ་གྲངས་རིགས་144ཡི་ཁོར་ཡུག་ཚོད་སྐོར་ཡིག་ཆར་ཞིབ་མཆན་འགོད་པའི་དབང་ཆ་གྲོང་ཁྱེར་དང་ས་ཁུལ་ལ་གཤམ་སྤྲོད་བྱས་ཡོད། རང་སྐྱོང་ལྗོངས་ཀྱི་ཞིབ་མཆན་འགོད་ཚད་བཅུ་ཆ་གཅིག་ལས་བཟུང་མེད་ཅིང་། དྲ་ཐོག་ནས་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁོར་ཡུག་ཚོད་སྐོར་ཡིག་ཆ་ཐོ་འགོད་བྱེད་ཚད་92.9%ཟིན་ནས། ལས་རིགས་30ཁོར་ཡུག་ཚོད་སྐོར་ཆག་ཡང་ནང་བཅུག་པ་དང་། ལས་རིགས་44ལ་ཁོར་ཡུག་ཚོད་སྐོར་བརྡ་གཏོང་ཁས་ལེན་ལམ་ལུགས་ལག་བསྟར་བྱས་པ། སྦགས་བཙོག་འགོག་བཅོས་ཀྱི་ཆུ་ཚད་མཐོ་བ་དང་ཁོར་ཡུག་དོ་དམ་ཚད་ལྡན་གྱི་ཁེ་ལས་579སྔོན་ལ་ཆོག་འཐུས་ཀྱི་གསལ་ཐོའི་དོ་དམ་ཁྱབ་ཁོངས་སུ་བཅུག་ཡོད།

    སྐྱེ་ཁམས་ལ་མཐོང་ཆེན་དང་སྲུང་སྐྱོང་ལ་དམ་འཛིན་བྱས་པར་བརྟེན་འབྱུང་འཕྲོད་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ།

    ལོ་20ལ་སླེབས་པའི་དཔའ་ཤོད་རྫོང་ར་འོག་གྲོང་རྡལ་ལ་སྒོ་གྲོང་ཚོའི་རྡོ་རྗེ་ཆབ་མདོའི་ར་འོག་མཚོའི་སྒེར་འཁོར་སྒར་སར་ལས་ཀ་བྱས་ནས་ལོ་2ལྷག་ཙམ་སོང་ཞིང་། ཁོང་གིས“2017ལོར་ང་རང་ལས་ཀར་ཞུགས་ནས་ཀུང་སི་དང་ངལ་རྩོལ་གན་རྒྱ་བཞག་སྟེ། ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ཡོད། ཕ་ཡུལ་དུ་ལས་ཀ་རག་ཙང་། ནང་མིར་ལྟ་རྟོག་ཐུབ་པ་མ་ཟད། ཞོར་ལ་ཞིང་ལས་ཀྱང་བྱེད་ཐུབ་ཀྱི་འདུག”ཅེས་བརྗོད་བྱུང་།

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་སྐྱེ་ཁམས་སླར་གསོར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ། བོད་ལྗོངས་གཙང་པོའི་ཆུ་འགོ་སྲུང་སྐྱོང་གི་སྤུས་རྟགས་གཏོད་པ། “བྱ་སྤྱོད་ཆེན་པོ་གསུམ་གྱི་འདུ་འགོད་དགུར”སྤྱི་འདོམས་བྱེད་པ། གཙང་པོ་གལ་ཆེན་33གཙོ་བོར་བྱེད་པའི་གཙང་པོའི་ཆུ་འགོའི་མ་ལག་སྲུང་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”གི་སྐྱེ་ཁམས་ནུས་པ་ཆེ་རུ་གཏོང་བ་དང་ཞབས་ཞུའི་རིན་ཐང་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་127.1བཏང་ནས་བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དང་འཛུགས་སྐྲུན་འཆར་འགོད་ལག་ལེན་བསྟར་ཡོད།

    2021ལོར་རང་ལྗོངས་ཀྱི་སྐྱེ་ཁམས་དར་རྒྱས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་ནས། མ་དངུལ་སྒོར་ཁྲི་8550བརྩོན་ལེན་བྱས་ཏེ། གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་གི་རྣམ་གྲངས་གསར་པ་ཁག་གཅིག་ལག་བསྟར་དང་། ཞིང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་ལག་རྩལ་ཕྱོགས་སྟོན་གཏན་འཁེལ་བྱས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གྲོང་གསེབ་ཀྱི་ཕྱོགས་སུ་སྣུར་སྲིང་བྱེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་31.39བཏང་བ་དང་སྐྱེ་ཁམས་ལས་གནས་ཁྲི་46.62བཀོད་སྒྲིག་བྱས་ཏེ། རི་སྔོན་ཆུ་དྭངས་སྲུང་སྐྱོང་བྱེད་མཁན་ལ་ཕན་པ་དེ་བས་ཐོབ་པར་བྱས་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།