[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ཀྱི་འགོ་ཁྲིད་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་བ།

    ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཁྲེན་ཡུང་ཆི་བཅས་ཁག་སོ་སོར་འཚམས་འདྲིར་ཕེབས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-29

    ལུགས་རྙིང་སྟག་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཆུ་སྟག་ལོའི་ལོ་གསར་འཆར་ཉེའི་མཚམས་སུ་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་བརྒྱུད་བསྒྲགས་གནང་བ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་འཚམས་འདྲི་དང་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་ཞུས་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ། རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པ་བཅས་ཀྱི་སྨོན་འདུན་ཞུས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་བཅས་ཁག་སོ་སོར་འཚམས་འདྲིར་ཕེབས་པ་རེད།

    ཝང་ཅུན་ཀྲེང་གིས་ལེགས་མཆོག་དང་པ་སངས་ལ་འཚམས་འདྲི་གནང་ནས་ལྗོངས་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ལ་ལྷག་བསམ་ཟོལ་མེད་ངང་ལོ་གསར་ལ་བཀྲ་ཤིས་བདེ་ལུགས་ཞུས་པ་རེད། ཝང་ཅུན་ཀྲེང་ལེགས་མཆོག་དང་པ་སངས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་བདེ་ཐང་གི་གནས་ཚུལ་དང་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་སྤྱིར་བཏང་མིན་པའི་ལོ་ཟླར་ལྷན་དུ་དྲན་གསོ་དང་། ཏང་གི་འགོ་ཁྲིད་འོག་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེའི་ལོ་རྒྱུས་སྐོར་གླེང་བ། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྤེལ་རེས་གཏིང་ཟབ་བཅས་གནང་བ་དང་འབྲེལ་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། སྤྱོད་གྲགས་གཉིས་ལྡན་དང་ཉམས་མྱོང་ཕུན་སུམ་ཚོགས་པའི་བློ་མཐུན་རྒན་གྲས་ཚོས་བོད་ཀྱི་གསར་བརྗེ་དང་འཛུགས་སྐྲུན་དང་སྒྱུར་བཅོས་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཁྱེད་ཚོ་ནི་རང་རེའི་ཏང་གི་རྩ་ཆེའི་རྒྱུ་ནོར་ཡིན། བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་ཆེད། མི་རབས་ནས་མི་རབས་ཀྱི་གུང་ཁྲན་ཏང་མིས་གཅིག་རྗེས་གཉིས་མཐུད་དང་། ས་མཐོར་གཞི་ཚུགས་པ། དཀའ་སྤྱད་འབད་འཐབ་བཅས་བྱས་པ་བརྒྱུད་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕེལ་རྒྱས་དང་འགྱུར་ལྡོག་བྱུང་ཡོད། བློ་མཐུན་རྒན་གྲས་ཚོའི་བསམ་བློ་ཡག་པོ་དང་། ཀུན་སྤྱོད་ཡག་པོ། སྤྱོད་ཚུལ་ཡག་པོ། སྙིང་སྟོབས་ཡག་པོ་བཅས་ལ་ང་ཚོས་ནམ་ཡང་སློབ་སྦྱོང་དང་། རྒྱུན་འཛིན། དར་སྤེལ་བཅས་བྱེད་དགོས་པ་ཞིག་ཡོད། ལོ་རྒྱུས་ཀྱི“རྒྱུག་མཐུད་དབྱུག་པ”རྒྱུན་འཛིན་བྱས་ཏེ་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་འབད་འབུངས་སྟོབས་ཤུགས་བསྡུ་ལེན་དང་། ཟིལ་རླབས་དགུང་འཕྱུར་གྱི་བོད་ཀྱི་ལོ་རྒྱུས་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་ཧུར་ཐག་སྒྲུབ་པ། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་གཏོང་བ། རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་བཅས་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་མཐའ་གཅིག་ཏུ་བསྒྲུབས་ནས་མི་དམངས་ལ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱེད་དགོས།

    ལེགས་མཆོག་དང་པ་སངས་ཀྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་ཐོབ་པར་རྟེན་འབྲེལ་ཞུས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་རྣམ་པས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སླར་ཡང་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དང་། བྱིས་པའི་ཕན་བདེ་ཁང་། SOSབྱིས་པའི་གྲོང་བཅས་སུ་ཕེབས་ནས་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་དང་། ཕན་བདེ་ཁང་གི་བྱིས་པ། སྤྱི་ཚོགས་ཕན་བདེའི་བྱ་གཞག་སྒྲུབ་མཁན་གྱི་བློ་མཐུན་བཅས་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་ཚང་མའི་འཚོ་བ་སྤྲོ་སྣང་ལྡན་པ་དང་ལྟོ་གོས་ཐད་སེམས་ཁྲལ་མེད་པ་མཐོང་སྐབས། ང་སེམས་གཏིང་ནས་དགའ་པོ་བྱུང་ཞེས་གསུངས། ལོ་ངོ་70ཡི་རིང་ཀྲུང་གོ་གུང་ཁྲན་ཏང་གི་སྣེ་ཁྲིད་འོག་ང་ཚོས་ལམ་ལུགས་རྙིང་པ་མགོ་རྟིང་བསློགས་པ་དང་སྲིད་དབང་གསར་པ་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་གནས་ཀྱི་དབང་ཆ་དང་འཕེལ་རྒྱས་ཀྱི་དབང་ཆ་ཕྱོགས་ཡོངས་ནས་འགན་ལེན་བྱས་ཡོད། ངེས་པར་དུ་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བྱ་ཐབས་དངོས་མཐའ་གཅིག་ཏུ་ལག་བསྟར་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་གོམ་ཞེང་ཆེན་པོས་སྐྱོད་དགོས་ཞེས་གསུངས་པ་རེད།

    ཡན་ཅིན་ཧའེ་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་ལྗོངས་དབང་སྐྱོན་དྲག་སྐྱེད་ལྟེ་གནས་སུ་ཕེབས་ནས་ངལ་རྩོལ་དཔེ་བཟང་བ་དང་། སྔོན་གཤེགས་དཔའ་བོའི་ནང་མི། དཀའ་ངལ་ཡོད་པའི་གཟིགས་སྐྱོང་བྱ་ཡུལ། དཀའ་ངལ་ཡོད་པའི་ལས་བཟོ། རྒན་ཡོལ་ཞུས་པའི་བཟོ་པ། ཡོང་འབབ་དམའ་བའི་ཁྱིམ་ཚང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། དབང་པོ་སྐྱོན་ཅན་མང་ཚོགས་བཅས་ལ་འཚམས་འདྲི་གནང་ཞིང་། ཡན་ཅིན་ཧའེ་ཡིས། དམངས་འཚོའི་དོན་དངོས་རེ་རེ་བྱས་ནས་བསྒྲུབས་པ་དང་། སློབ་གསོ་དང་། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་མང་ཚོགས་ཀྱི་སེམས་ཁྲལ་དང་དོ་ཁུར་བྱེད་པའི་དོན་དག་ཐག་གཅོད་བྱས་ནས་ཏང་གི་བྱམས་སྐྱོང་དང་། སྲིད་གཞུང་གི་ཐུགས་ཁུར། སྤྱི་ཚོགས་ཀྱི་དགའ་གཅེས་བཅས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རྒྱུན་དུ་དཀའ་ངལ་ཡོད་པའི་མང་ཚོགས་དང་དཀའ་ངལ་ཡོད་པའི་ལས་བཟོའི་ཁྲོད་བསྐྱོད་དེ་སྙིང་གཏམ་ཉན་པ་དང་གནད་དོན་ཐག་གཅོད་བྱས་ནས་ནུས་ཤུགས་ཡོད་རྒུས་ཁོང་ཚོའི་སེམས་ཁྲལ་དང་དཀའ་ངལ་སེལ་དགོས། ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱ་ཆེའི་ངལ་རྩོལ་པ་ཚོས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།

    ཁྲེན་ཡུང་ཆིས་བློ་བཟང་དོན་གྲུབ་དང་། ཆོས་འཕེལ། བདེ་སྐྱིད་མཚོ་མོ་བཅས་ལ་གཟིགས་ཤིང་། ཁོང་གིས་ཆབ་སྲིད་ཐད་བརྩི་འཇོག་དང་། བསམ་བློའི་ཐད་ཐུགས་ཁུར། འཚོ་བའི་ཐད་ལྟ་རྟོག སྙིང་སྟོབས་ཐད་བྱམས་སྐྱོང་བཅས་བྱས་ཏེ། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་རྣམས་རྒས་དུས་སློབ་མཁན་ཡོད་པ་དང་། རྒས་དུས་འཚོ་རྟེན་ཡོད་པ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྤྲོ་སྣང་ལྡན་པ་བཅས་དངོས་འབྲེལ་ཡོང་བ་བྱེད་དགོས། ལས་བྱེད་པ་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོས་ཆབ་སྲིད་ཀྱི་ལེགས་ཆ་དང་། ཉམས་མྱོང་གི་ལེགས་ཆ། དབང་གྲགས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ལ་མུ་མཐུད་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཆོས་འཕེལ་དང་། བློ་བཟང་དོན་གྲུབ། བདེ་སྐྱིད་མཚོ་མོ་བཅས་ཀྱིས་མུ་མཐུད་ནུས་པ་ལྷག་མ་བཏོན་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ཆེད་ཐབས་འདོན་ཇུས་འབུལ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།