[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཞི་ཅིན་ཕིང་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་ཧྲན་ཤིས་སུ་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བ།

    རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་དཔྱིད་གསར་གྱི་སྨོན་འདུན་བཟང་པོ་ཞུས་པ་དང་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་དང་རླབས་ཆེན་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུས་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-29

    1614086_yis_1643385600000_s.jpg

    ཟླ་1ཚེས་26དང་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧྲན་ཤིས་སུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་26ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ལིན་ཧྥུན་གྲོང་ཁྱེར་ཧྥུན་ཤིས་རྫོང་སེང་ཉན་གྲོང་རྡལ་ཏོན་གྲོང་ཚོའི་རིག་གནས་ཐང་ཆེན་དུ་ཕེབས་ནས་ཡུལ་མི་སྤུན་ཟླ་ཚོར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དང་ཨའོ་མོན་ཐའེ་དབན་བཅས་ཀྱི་སྤུན་ཟླ། དེ་བཞིན་ཕྱིར་སྡོད་རང་མི་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ།

    1614084_yis_1643385600000_s.jpg

    ཟླ་1ཚེས་26དང་27ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧྲན་ཤིས་སུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། འདི་ནི་ཚེས་27ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཧྲན་ཤིས་རུའེ་ཀོང་ཚ་གློག་ཚད་ཡོད་འགན་འཁྲི་ཀུང་སིའི་རྡོ་སོལ་གསོག་འཇོག་ཐང་དུ་རྡོ་སོལ་གསོག་འཇོག་བྱས་ཚུལ་ལ་གཟིགས་ཞིབ་གནང་བཞིན་པ།

     ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་དཔྱིད་གསལ་དུས་ཆེན་འཆར་ལ་ཉེ་བའི་དུས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཧྲན་ཤིས་སུ་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ནས་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དང་ཨའོ་མོན་ཐའེ་དབན་བཅས་ཀྱི་སྤུན་ཟླ། དེ་བཞིན་ཕྱིར་སྡོད་རང་མི་བཅས་ལ་དཔྱིད་གསར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུས་པ། ཚང་མར་གཟུགས་གཞི་བདེ་ཐང་དང་། ལས་དོན་ལམ་ལྷོངས། ཁྱིམ་ཚང་བདེ་སྐྱིད། སྟག་ལོར་བཀྲ་ཤིས་བཅས་ཡོང་བའི་སྨོན་འདུན་ཞུས་པ། རླབས་ཆེན་མེས་རྒྱལ་གྱི་རི་ཀླུང་མཛེས་སྡུག་ལྡན་པ་དང་། ཆར་ཆུ་དུས་སུ་བབ་པ། རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་ལ་འཁོད་པ། སྟོབས་འབྱོར་མངའ་ཐང་རྒྱས་པ་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།

    ཟླ་1ཚེས་26དང་27ཉིན། ཧྲན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིན་ཝུའུ་དང་ཧྲེང་ཀྲང་ལན་ཧྥོ་ཨན་གྱི་ཕེབས་རོགས་འོག ཞི་ཅིན་ཕིང་ལིན་ཧྥུན་དང་ཅིན་ཀྲུང་སོགས་ཀྱི་གྲོང་གསེབ་དང་། རིག་དངོས་སྲུང་སྐྱོབ་ཚན་པ། ཁེ་ལས་སོགས་སུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ་རེད།

    ཚེས་26ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་ཁ་བ་བབས་པར་མ་འཛེམས་པར་ལིན་ཧྥུན་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་པ་རེད། ན་ནིང་ཟླ་10པར། ཧྲན་ཤིས་སུ་གནམ་གཤིས་ཀྱི་ཟིན་ཐོ་ཡོད་ཚུན་དུ། སྟོན་དུས་འབྲུབ་ཆུ་རྒྱས་པའི་གནས་ཚུལ་ཚབས་ཆེན་ཐོན་ནས་ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་11ལ་གནོད་འཚེ་ཕོག་ཡོད། ཧོ་ཀྲོའུ་གྲོང་ཁྱེར་ཧྲི་ཀྲོང་ཤང་ཧྥུང་ནན་ཧོང་གྲོང་ཚོ་ནི་ལིན་ཧྥུན་གྲོང་ཁྱེར་གྱི་ཞིང་པའི་སྡོད་ཁང་ལ་གནོད་འཚེ་ཕོག་ཚབས་ཅུང་ཆེ་བའི་གྲོང་ཚོའི་གྲས་ཤིག་ཡིན། ཞི་ཅིན་ཕིང་ས་གནས་དེ་གའི་གནོད་འཚེ་ཕོག་པའི་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་བར་ཆེད་མངགས་ཕེབས་ཤིང་། ཁོང་གིས་ཧྲན་ཤིས་ཀྱི་གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་། སྟོན་དགུན་གྱི་ས་བོན་གསབ་འདེབས། མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན། གེགས་འགོག་གེགས་སེལ་དང་འཕྲལ་སྡོམ་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་སོགས་སྐོར་གྱི་གནས་ཚུལ་སྙན་སེང་གསན་རྗེས། གེགས་བར་བྱུང་བའི་ཡུལ་མི་ཧྲི་ཧུང་པིང་གི་ཁྱིམ་དུ་གཟིགས་པར་ཕེབས་པ་རེད།

    ཧྲི་ཧུང་པིང་གི་ཁྱིམ་ལ་དོང་ཁང་4ཡོད་པ་ཚང་མ་ན་ནིང་དྲག་ཆར་བབས་ནས་བརྡིབས་ཡོད། སྲིད་གཞུང་གིས་ཁ་གསབ་སྤྲད་པ་དང་ཕྱོགས་ཁག་གིས་རོགས་སྐྱོར་འོག སྒྲིག་སྦྱོར་རྣམ་པའི་སྡོད་ཁང་ཁང་མིག་2བསྐྱར་སྐྲུན་བྱས་པའི་ནང་མིག་སྔར་ནང་མི་ཚང་མ་སྤོས་ཡོད། ཞི་ཅིན་ཕིང་གིས་སྒོ་ར་དང་སྡོད་ཁང་ལ་ཞིབ་ཕྲ་གཟིགས་ཤིང་། ཧྲི་ཧུང་པིང་གི་ནང་མི་ཚང་མས་ལོ་གསར་གྱི་མོག་མོག་བཟོ་བཞིན་ཡོད་པ་གཟིགས་སྐབས། ཞི་ཅིན་ཕིང་མོག་མོག་བཟོ་མཁན་གྱི་གྲལ་དུ་བཞུགས་པ་རེད།

    ཞི་ཅིན་ཕིང་གིས་ཧྲི་ཧུང་པིང་གི་ནང་མི་རྒན་གཞོན་ཚང་མ་དང་མཉམ་དུ་བཞུགས་ཏེ་འཚོ་བའི་སྐོར་གླེང་གནང་བ་དང་། ཁོང་ཚོར་བསྐྱར་དུ་བསྐྲུན་པའི་སྡོད་ཁང་གི་སྤུས་ཚད་ཡག་པོ་ཡོད་མེད་དང་། ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཡག་པོ་བྱུང་མིན། ད་དུང་དཀའ་ངལ་གང་ཡོད་མེད་སོགས་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་རེད། ཧྲི་ཧུང་པིང་གིས་སྤྱི་ཁྱབ་ཧྲུའུ་ཅིར། ཁང་པ་འདི་བརྟན་པོ་འདུག་ལ་དྲོ་པོའང་འདུག ནང་མི་ཚང་མ་བློ་བདེ་བག་ཕེབས་ངང་ལོ་གསར་གཏོང་ཆོག་གི་འདུག ཏང་དང་སྲིད་གཞུང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་ཞུས་པ་རེད། ཞི་ཅིན་ཕིང་གིས་ང་ལ་རྟག་ཏུ་གེགས་ཁུལ་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་ཡོང་གི་འདུག དེ་རིང་ཧྲན་ཤིས་སུ་འབྱོར་མ་ཐག་འདི་གར་གེགས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱས་ཚུལ་ལ་ས་གནས་ས་ཐོག་ཏུ་ལྟ་བར་ཡོང་བ་ཡིན། གྲོང་ཚོའི་རྣམ་པ་གཙང་ཞིང་གྲལ་འགྲིག་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱུང་བ། བསྐྱར་སྐྲུན་དང་ཉམས་བཟོ་བྱས་པའི་ཁང་པ་བདེ་འཇགས་དང་དྲོ་སྐྱིད་ལྡན་པ། ཁྱིམ་ཚང་ཚང་མས་ལོ་གསར་གྱི་གྲ་སྒྲིག་བྱེད་བཞིན་ཡོད་ལ་ལོ་གསར་གྱི་མཁོ་ཆས་ཀྱང་སྣ་ཁ་འཛོམས་པ། ཞིང་ནང་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཡོད་པ་མཐོང་སྐབས་ང་རང་དགའ་ཚོར་ཆེན་པོ་བྱུང་། ཡུལ་མི་སྤུན་ཟླ་ཚོར་ཐོན་སྐྱེད་དང་འཚོ་བའི་ཐད་ད་དུང་དཀའ་ངལ་གང་ཞིག་ཡོད་ཚེ་ཏང་དང་སྲིད་གཞུང་གིས་མུ་མཐུད་ཐག་གཅོད་བྱེད་རོགས་བྱེད་དགོས། གེགས་རྗེས་སླར་གསོ་བསྐྱར་སྐྲུན་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུར་སྤྱི་འདོམས་ཀྱིས་ཆུ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། གནོད་འཚེ་སྔོན་འགོག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་སེལ་བ། གནོད་འཚེ་སྔོན་འགོག་དང་། གནོད་འཚེ་ཉུང་གཏོང་། གནོད་འཚེ་སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ། མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱས་ནས་འབད་བརྩོན་ལྷོད་མེད་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་དགོས་ཞེས་བསྟན་གནང་བ་རེད།

    གྲོང་ཚོ་ནས་ཞལ་གྱེས་སྐབས་གྲོང་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་སྐད་གསང་མཐོན་པོས་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཡུལ་མི་ཚོར་ལོ་གསར་གྱི་རྟེན་འབྲེལ་ཞུས་ཤིང་། ཚང་མས་སྟག་རྒོད་ཀྱི་ངར་ཤུགས་ལྟ་བུར་བརྟེན་ནས་འཚོ་བ་ཉིན་རེ་བཞིན་ཡག་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཧྥུན་ཤིས་རྫོང་སེང་ཉན་གྲོང་རྡལ་ཏོན་གྲོང་ཚོར་ཕེབས་ནས། ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནས་ཚུལ་སྐོར་ལ་རྟོག་ཞིབ་གནང་བ་རེད། དམངས་ཕན་ཞབས་ཞུའི་ལྟེ་གནས་སུ། གྲོང་ཚོའི་ལས་བྱེད་པས་ཞི་ཅིན་ཕིང་ལ་ཁོང་ཚོས་དམངས་ལ་ཞབས་འདེགས་ཞུ་བ་དང་། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་སོགས་ཀྱི་བྱེད་སྟངས་ངོ་སྤྲོད་ཞུས་པ་རེད། གྲོང་མི་ཚའེ་ཝུན་མིན་གྱི་ཁྱིམ་དུ་ཞི་ཅིན་ཕིང་གིས་ཐབ་ཚང་དང་། ཉལ་ཁང་། ལུག་ཚང་བཅས་ལ་རེ་རེ་བཞིན་གཟིགས་པ་མ་ཟད། ཁྱིམ་ཚང་གི་ཡོང་འབབ་མང་ཉུང་དང་འཚོ་བ་གང་འདྲ་ཡོད་མེད་སྐོར་བཀའ་འདྲི་ཞིབ་ཕྲའང་གནང་བ་རེད། ཁྱིམ་ཚང་དེ་2016ལོའི་ལོ་མཇུག་ཏུ་དབུལ་སྒྲོལ་ཐུབ་ཡོད་ཅིང་། ད་ཆ་ལུག་གསོ་ཚགས་དང་ཕྱིར་ལས་མི་བྱེད་པར་བསྐྱོད་པ་བརྒྱུད་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་པ་མཁྱེན་རྗེས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་མི་དམངས་མང་ཚོགས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་ཡོང་བ་བྱ་རྒྱུ་ནི་རང་རེའི་ཏང་གིས་ལོ་ངོ་བརྒྱའི་རིང་བློ་རྩེ་གཅིག་སྒྲིམ་གྱིས་དོན་གཉེར་བྱེད་པ་ཞིག་ཡིན་པས། ང་ཚོས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་མི་རབས་ནས་མི་རབས་བར་དོན་གཉེར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    གྲོང་ཚོའི་རིག་གནས་ཐང་ཆེན་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་། ཡུལ་མི་ཚོས་རྔ་དང་འཁར་རྔ་བརྡུངས་ནས་དབྱང་ཀོ་ཞབས་བྲོ་འཁྲབ་སྟེ་ལོ་གསར་ལ་རྟེན་འབྲེལ་ཞུ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་སྐབས་ཡུལ་མི་ཚོས་དགའ་ཚོར་ཆེན་པོས་དགའ་འབོད་བྱས་པ་རེད། ཞི་ཅིན་ཕིང་གིས་ཡུལ་མི་ཚོར་རང་རེའི་ཏང་གི་རྩ་བའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ལ་བྱ་བ་བཟང་པོ་བསྒྲུབ་རྒྱུ་དང་། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་དང་། ལེགས་སྐྱེས། ཞབས་འདེགས་ཞུ་རྒྱུ་བཅས་རེད། ང་ཚོས་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་། དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱུང་ནས། ད་ལྟ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུར་སྐྱོད་བཞིན་ཡོད། དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དང་ཁ་འབྲལ་ཐབས་མེད། དེས་ན་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མང་ཚོགས་ལ་དེ་བས་ལེགས་པའི་འཚོ་བ་སྐྱེལ་དུ་འཇུག་པ་བཅས་བྱས་ནས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རིང་མདུན་ལམ་དེ་བས་ལྡན་པར་བྱེད་དགོས་ཞེས་གསུངས་པ་རེད།

    ཚེས་27ཉིན་ཞི་ཅིན་ཕིང་ཅིན་ཀྲུང་གྲོང་ཁྱེར་དུ་རྟོག་ཞིབ་དང་བརྟག་ཞིབ་གནང་བར་ཕེབས་ཤིང་། ཉིན་དེའི་སྔ་དྲོར་ཁོང་ཕིང་ཡའོ་གནའ་གྲོང་དུ་ཕེབས་པ་དང་། ཡིང་ཤུན་སྒོ་མོ་ནས་ཞབས་ཐང་དུ་མཁར་གྲོང་གི་ཡང་རྩེར་ཕེབས་ཏེ་གནའ་གྲོང་གི་རྣམ་པར་རྒྱང་གཟིགས་གནང་བ་རེད། དེ་རྗེས་རླངས་འཁོར་ལ་བཞུགས་ནས་ཕིང་ཡའོ་རྫོང་ཧྲུའུ་རུ་ཕེབས་ནས་གནའ་གྲོང་གི་ལོ་རྒྱུས་འཕེལ་རིམ་དང་། སྐྲུན་དངོས་ཀྱི་བཀོད་པ། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་རེད། འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་ཕིང་ཡའོ་གནའ་གྲོང་ནི་ཀྲུང་གོས་ཉར་ཚགས་ཆ་ཚང་ཤོས་བྱས་པའི་གནའ་གྲོང་གི་གྲས་ཤིག་རེད། ཞི་ཅིན་ཕིང་གིས་ལོ་རྒྱུས་རིག་གནས་ཤུལ་བཞག་ནང་ཀྲུང་ཧྭ་མི་རིགས་ཀྱི་གཞི་རྒྱུ་དང་ཁྲག་རྒྱུན་འདྲེས་ཡོད། དེ་ནི་ང་ཚོ་མི་རབས་འདིར་དབང་བ་ཞིག་རེད་ལ། བུ་རབས་ཚ་རྒྱུད་ལའང་དབང་བ་ཞིག་རེད། ལོ་རྒྱུས་ལ་གུས་སྐྲག་དང་། རིག་གནས་ལ་གུས་སྐྲག སྐྱེ་ཁམས་ལ་གུས་སྐྲག་བཅས་བྱེད་པར་ལོ་རྒྱུས་དང་རིག་གནས་ཀྱི་ཤུལ་བཞག་ཕྱོགས་ཡོངས་ནས་སྲུང་སྐྱོང་ཡག་པོ་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་དང་། ཁྱད་ལྡན་གཉེར་སྐྱོང་། གནའ་གྲོང་སྲུང་སྐྱོང་བཅས་སྤྱི་འདོམས་ཡག་པོ་བྱེད་པ་དང་། རིག་དངོས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་བསྲུངས་ནས་མེས་པོ་ཚོས་ང་ཚོར་བཞག་པའི་རྩ་ཆེའི་རྒྱུ་ནོར་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད།

    ཕིང་ཡའོ་ནི་ཅིན་ཧྲང་གི་འབྱུང་ཁུངས་ཡིན་ཞིང་། རིག་གནས་ཀྱི་རྨང་གཞི་གཏིང་ཟབ་པ་དང་། རི་ཧྲེང་ཁྲང་དངུལ་གཉེར་ཁང་གིས་རང་རྒྱལ་གྱི་དངུལ་རྩའི་ལས་རིགས་འཕེལ་རྒྱས་ཀྱི་སྲོལ་བཏོད་ཡོད། རི་ཧྲེང་ཁྲང་དངུལ་གཉེར་ཁང་རྟེན་རྫས་བཤམས་མཛོད་ཁང་དུ་ཞི་ཅིན་ཕིང་གིས་ཅིན་ཧྲང་རིག་གནས་དང་ཅིན་ཧྲང་སྙིང་སྟོབས་གསོ་སྐྱོང་དང་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་ཅིན་ཧྲང་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་སྔར་བས་ཡག་པོ་གཏོང་བ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་སྤུས་ཚད་མཐོ་བའི་འཚོ་བར་སྔར་བས་ཞབས་འདེགས་ཡག་པོ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    གནའ་གྲོང་གི་ཁྲོམ་གཞུང་ལྷོ་མར་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། ཞི་ཅིན་ཕིང་གིས་ཁྲོམ་གཞུང་བརྒྱུད་གནའ་གྲོང་གི་རྣམ་པར་གཟིགས་ཞོར་དུ་ཕིང་ཡའོ་གླང་ཤ་ཚོང་ཁང་དང་། འོད་ལྡན་རྩི་ཆས་ཚོང་ཁང་། ཏུང་ཧུའུ་ཚུའུ་སྙོལ་ཁང་བཅས་སུ་ཕེབས་ནས་ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་བེད་སྤྱོད་དང་ཁྱད་ལྡན་གཉེར་སྐྱོང་བྱེད་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ཕིང་ཡའོ་གླང་ཤ་དང་ཚུའུ་སོགས་ལོ་གསར་གྱི་མཁོ་ཆས་ཀྱང་གཟིགས་པ་རེད། ཁོང་གིས། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་མཁན་བྱས་ནས་འོད་ལྡན་རྩི་ཆས་སོགས་རིག་གནས་ཀྱི་མཆོག་ནོར་སྲུང་སྐྱོབ་ཡག་པོ་བྱས་ཏེ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་དང་འཛམ་གླིང་ཐོག་ཁྱབ་གདལ་གཏོང་དགོས་ཞེས་གསུངས་པ་རེད། དེ་གར་ཡོད་པའི་མང་ཚོགས་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་ལོ་གསར་གྱི་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་གིས། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་མཆེད་པ་དང་སྦྲགས་ཁྱད་ཆོས་གསར་པའང་མངོན་ཞིང་། ངོ་འགྱུར་དུག་སྲིན་གསར་པ་མཆེད་མགྱོགས་ལ་འགོ་ཤུགས་ཆེ་བའི་ཁར། དགུན་དུས་འགོ་ནད་གཞན་དག་ཐོན་ཚབས་ཀྱང་ཆེ་བས་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། དེས་ན་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྩ་བ་དེ་དམ་པོར་འཛིན་པ་དང་། སྔོན་འགོག་གཙོར་བཟུང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་གི་ལས་དོན་ལ་མུ་མཐུད་དམ་འཛིན་ནན་པོ་དང་། དམ་འཛིན་ཏན་ཏིག དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ། སྔོན་འགོག་དང་ཚོད་འཛིན་གྱི་ཚན་རིག་རང་བཞིན་དང་གནད་སྨིན་རང་བཞིན་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་སྨན་བཅོས་དང་། མཁོ་སྤྲོད། ཤར་བགྲོད་སོགས་ཀྱི་ལས་དོན་ཚང་མ་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་དགུན་དུས་ཀྱི་གློག་དང་དྲོད་རླངས་མཁོ་སྤྲོད་འགན་ལེན་ལས་དོན་ལ་དོ་ཁུར་ཆེན་པོ་གནང་ཞིང་། ཚེས་27ཉིན་གྱི་ཕྱི་དྲོར་ཁོང་ཧྲན་ཤིས་རུའེ་ཀོང་ཚ་གློག་ཚད་ཡོད་འགན་འཁྲི་ཀུང་སིར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཞི་ཅིན་ཕིང་གིས་དང་ཐོག་ཧྲན་ཤིས་ཞིང་ཆེན་ནུས་རྒྱུ་གསར་བརྗེ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟ་དང་། ཁེ་ལས་ཀྱིས་རྡོ་སོལ་བཙོག་སྐྱོན་མེད་པར་ནུས་ཆེའི་སྒོ་ནས་བེད་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་བ་སོགས་ཀྱི་ལས་དོན་ངོ་སྤྲོད་གསན་པ་རེད། དེ་རྗེས་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་རྡོ་སོལ་གསོག་ཉར་ར་བར་ཕེབས་ནས་རྡོ་སོལ་གསོག་འཇོག་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ཁོང་གིས། རྒྱལ་ཡོངས་ནུས་རྒྱུའི་ལྕི་བའི་རྫས་འགྱུར་བཟོ་ལས་ཀྱི་རྟེན་གཞི་ཡིན་པའི་ཧྲན་ཤིས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་ལ་སྐུལ་འདེད་གཏོང་བ་ནི་གཞན་གྱིས་ང་ཚོར་བསྐུལ་བ་མིན་པར་ང་ཚོ་རང་ཉིད་ཀྱིས་སྒྲུབ་དགོས་ངེས་ཤིག་རེད། འོན་ཀྱང་དེ་ནི་དལ་དལ་ལྷོད་ལྷོད་དུ་མངོན་འགྱུར་ཐུབ་པ་ཞིག་མིན་པས་སྒུག་མི་རུང་ལ་འཚབ་ཀྱང་མི་རུང་། ངེས་པར་དུ་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་དང་གོ་རིམ་ཁོང་དུ་ཆུད་པར་བྱས་ནས་སྔོན་འཛུགས་རྗེས་གཏོར་དང་བརྟན་ཐོག་ཡར་འཕེལ་ཡོང་བ་བྱེད་དགོས། རྡོ་སོལ་མང་བ་དང་རྡོ་སྣུམ་དང་སོལ་རླངས་ཉུང་བ་ནི་རང་རྒྱལ་གྱི་རྒྱལ་བབ་ཡིན་པས་རྒྱལ་ནང་གི་ནུས་ཁུངས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། རྡོ་སོལ་མཁོ་སྤྲོད་ཀྱི་བདེ་འཇགས་འགན་ལེན་བྱེད་པ། རྡོ་སོལ་གཙང་མ་དང་ཐཱན་ཉུང་འཕེལ་རྒྱས་དང་། སྣ་མང་ཅན་གྱི་བེད་སྤྱོད། ཕྱོགས་བསྡུས་གསོག་འདྲེན་བཅས་ཀྱི་གནད་དོན་ཆེན་པོར་དམ་འཛིན་ཡག་པོ་བྱ་རྒྱུ་སྤྱི་འདོམས་བྱེད་པ། ལྗང་མདོག་ཐཱན་ཉུང་གི་ལག་རྩལ་འགག་སྒྲོལ་གང་མགྱོགས་བྱེད་པ་བཅས་བྱས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་རིམ་སྤོར་ལ་མུ་མཐུད་སྐུལ་འདེད་གཏོང་དགོས། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་གྱི་དམིགས་ཚད་མངོན་འགྱུར་ཡོང་བར་བརྟན་པོའི་ངང་སྐུལ་འདེད་ཧུར་ཐག་བཏང་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བར་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    ཁེ་ལས་ཀྱི་ལས་བཟོ་ཚོས་སྤྲོ་བ་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་། ཞི་ཅིན་ཕིང་གིས་ཚང་མར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་གནང་ཞིང་། ཁོང་གིས། གློག་དང་དྲོད་རླངས་མཁོ་སྤྲོད་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་སྤྱི་ཚོགས་བརྟན་ལྷིང་གི་སྤྱི་ཡོངས་དང་འབྲེལ་བ་ཡོད་པ་ཞིག་རེད་ལ། དམངས་འཚོ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་རེད། དེས་ན་ནུས་རྒྱུ་མཁོ་སྤྲོད་འགན་ལེན་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཐབས་མང་མཉམ་སྤྱོད་ཀྱིས་མཁོ་སྤྲོད་སྙོམས་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ནུས་ཁུངས་མཁོ་སྤྲོད་འགན་ལེན་བྱེད་ནུས་ཆེ་རུ་གཏོང་བ། ཁེ་ལས་ཆེ་གྲས་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་ཀྱིས་སྣེ་ཁྲིད་དེ་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱེད་པ། དམངས་འཚོའི་ནུས་རྒྱུ་བེད་སྤྱོད་མཁོ་སྤྲོད་འགན་ལེན་གྱི་འགན་འཁྲི་ནན་དུ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བསྟན་གནང་བ་རེད།

    ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན། ཧྲན་ཤིས་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། སླད་ཕྱིན་ཧྲན་ཤིས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཧུར་ཐག་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། “བརྟན་པོ་དྲུག”དང“འགན་ལེན་དྲུག”གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ། དམངས་འཚོ་རྒྱུན་མཐུད་ངང་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཚད་བརྒལ་གསར་པ་རྒྱུན་ཆད་མེད་པར་ཡོང་བ་བཅས་བྱེད་པ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བ་དང་ཧྲན་ཤིས་ཀྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལག་ལེན་གྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུའི་ཐུགས་རེ་གནང་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།