[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཙོག་ལོ་ཡིས་ལོ་སུམ་ཅུ་དམངས་ལ་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-12

    ཙོག་ལོ་ནི་1963ལོར་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཆུ་འཁོར་གྲོང་ཚོར་སྐྱེས། 1988ལོར་ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་། 2005ལོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། 2014ལོར་ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཧྲུའུ་ཅི་དང་པོ་བཅས་ཀྱི་ལས་འགན་ཁུར། ལོ་སུམ་ཅུ་ལྷག་ཙམ་རིང་། ཙོག་ལོ་ཡིས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་ཉིན་མཚན་ཀུན་ཏུ་གཞུང་དོན་ལ་གཞོལ་བས། ཆུ་འཁོར་གྲོང་ཚོའི་ཕྱུག་འགྱུར་ལམ་བུའི་ཐོག་གི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད།

    དེ་སྔ་ཉང་ཆུ་གཙང་པོ་དང་ཡར་ཀླུང་གཙང་པོའི་འབྲེལ་མཚམས་སུ་གནས་པའི་ཆུ་འཁོར་གྲོང་ཚོར་བྱེ་འགྱུར་གྱི་གནད་དོན་མངོན་གསལ་དོད་ཙམ་ཡོད་པས། རླུང་བུ་ཆེན་པོ་ལྡང་མ་ཐག་གང་སར་བྱེ་རྡུལ་གྱིས་ཁེངས་ཀྱི་ཡོད། དེ་ཕྱིར་གྲོང་མི་རྣམས་གནམ་གཤིས་དྭངས་སྐབས་ལུས་པོ་རྡུལ་གྱིས་ཁེངས་པ་དང་ཆར་པ་བབ་དུས་ལུས་པོ་འདམ་གྱིས་བསྒྲིབས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཙོག་ལོ་དང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གིས་བརྩོན་ལེན་ཧུར་ཐག་བྱས་པ་བརྒྱུད། 2016ལོར་ཆུ་འཁོར་གྲོང་ཚོར་རླུང་འགོག་གི་རྒྱ་ལྕང་འདེབས་འཛུགས་རྣམ་གྲངས་ལག་ལེན་བསྟར་བ་དང་། སྲིད་གཞུང་གིས་མ་དངུལ་བཏང་བ་དང་མང་ཚོགས་ཀྱིས་ལས་ཀ་བྱས་པར་བརྟེན་གཙང་འགྲམ་གྱི་བྱེ་ས་མུའུ་1300ཡི་སར་རྒྱ་ལྕང་རྐང་98000བཏབ་པ་དང་2017ལོར་སླར་ཡང་སྡོང་ཕྲུག་རྐང་ཁྲི་4བཏབ་སྟེ་ཤིང་འཛུགས་ནགས་བཟོའི་ལས་ལ་གཞོལ་བས་ཆུ་འཁོར་གྲོང་ཚོའི་སྐྱེ་ཁམས་རིམ་བཞིན་སླར་གསོ་བྱུང་ཡོད། ངལ་རྩོལ་བྱས་པ་བརྒྱུད། ས་གནས་འདི་གའི་མང་ཚོགས་དུད་ཚང་37ལ་ཆ་སྙོམས་འབབ་འཕར་སྒོར་29000བྱུང་ཡོད། ཉིང་ཁྲི་རྫོང(ད་ཆའི་བྲག་ཡིབ་ཆུས)གིས་འཛུགས་སྐྲུན་བྱེད་སྔ་ཤོས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ཡིན་པའི་ཆུ་འཁོར་གྲོང་ཚོར་ད་ཆ་གྲོང་ཚོའི་འགྲོ་ལམ་གཙང་ལ་རྒྱ་ཆེ་བ་དང་གང་སར་ལྗོན་ཤིང་གིས་ཁེངས་པས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡོད་པ་མ་ཟད། ད་དུང་གྲོང་ཚོའི་དུད་ཚང་ཚང་མའི་སྒོ་རའི་ནང་འབྲས་ཤིང་དང་མེ་ཏོག་བཏབ་སྟེ་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་བཞིན་ཡོད།

    ཚེ་ནོར་བུ་ནི་ཆུ་འཁོར་གྲོང་ཚོའི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཞིག་ཡིན་ཞིང་། ཙོག་ལོ་ཡིས་རང་ཉིད་ཀྱི་བློ་གྲོས་ལ་བརྟེན་ནས་ཚེ་ནོར་བུ་དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་པ་མ་ཟད། ཁོང་གིས་ད་དུང་ཚེ་ནོར་བུ་དང་རྒྱུན་དུ་སྤེལ་རེས་བྱས་ནས་དཀའ་ངལ་གྱི་མདུན་དུ་རེ་བའི་བསམ་པ་འཆང་དགོས་ལ་དཀའ་ངལ་ལ་མི་འཛེམ་པར་མདུན་སྐྱོད་བྱེད་དགོས་པའི་ལྕག་སྐུལ་བྱེད་ཀྱི་ཡོད། ཙོག་ལོ་ཡིས་ཚེ་ནོར་བུར་ཉེ་འགྲམ་གྱི་ཨར་སྐྲུན་བྱེད་སར་གྱང་སྐོར་བའི་ལས་ཀ་ཞིག་འཚོལ་རོགས་བྱས་པ་མ་ཟད། ཚེ་ནོར་བུའི་ཁྱིམ་གྱི་བེད་མེད་ས་ཆ་མུའུ་7བོགས་མར་གཏོང་རོགས་བྱས་པས་ལོ་རེར་བོགས་གླ་སྒོར་5700ལེན་རྒྱུ་བྱུང་ཡོད། 

    དེ་དང་དུས་མཚུངས། ཙོག་ལོ་ཡིས་ད་དུང་ཚེ་ནོར་བུའི་ཁྱིམ་ལ་ཁྱིམ་ཆས་དང་མཛོ་མོ་ཉོ་ཆེད་གྲོང་ཚོ་ཡོངས་ཀྱི་ཏང་ཡོན་མ་དངུལ་བསྡུ་རུབ་བྱེད་རྒྱུའི་སྐུལ་སློང་བྱས་པ་མ་ཟད། ཏང་ཡོན་སྒྲིག་འཛུགས་བྱས་ཏེ་ཚེ་ནོར་བུའི་ཁྱིམ་གྱི་ས་ཁོད་སྙོམས་རོགས་དང་བ་ཚང་རྒྱག་རོགས་ཀྱང་བྱས་ཡོད། ཙོག་ལོ་ཡི་རོགས་རམ་དང་སྐུལ་ལྕག་འོག་2016ལོའི་ལོ་མཇུག་ཏུ་ཚེ་ནོར་བུའི་དབུལ་ཞྭ་ཕུད་པ་རེད།

    ཆུ་འཁོར་གྲོང་ཚོར་རྨོ་ཞིང་མུའུ་651ཡོད་པ་དང་མུའུ་རེ་ནས་ཐོན་འབབ་རྒྱ་མ་400ཡང་ཟིན་གྱི་མེད། དེར་བརྟེན་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་ཡོང་ཁུངས་གཙོ་བོ་ནི་ཕྱིར་གླ་པར་སྐྱོད་པ་དང་མཉམ་སྡེབ་རྩྭ་ར་བོགས་མར་བཏང་ནས་ཡོང་འབབ་རག་ཐབས་བྱེད་པ་དེ་ཡིན་པས། མཉམ་སྡེབ་དཔལ་འབྱོར་ཉམས་ཞན་དང་འབབ་འཕར་ཐབས་ལམ་རྐྱང་པ་རེད། 2012ལོར་ཙོག་ལོ་ཡི་སྣེ་ཁྲིད་འོག་ཏང་གི་དམངས་ཕན་སྲིད་ཇུས་ལ་བརྟེན་ནས་ཆུ་འཁོར་གྲོང་ཚོར་ཞིང་འཕྲུལ་མཉམ་ལས་ཁང་བཙུགས་ཏེ་བརྔ་བསྡུ་འཕྲུལ་འཁོར་དང་འབྲུ་འདོན་འཕྲུལ་འཁོར་ཁག་གཅིག་ཉོས་པས་ཐོན་སྐྱེད་ནུས་ཤུགས་ཐག་གཅོད་ནུས་ལྡན་ཐུབ་སྟེ་ཞིང་ལས་འཕྲུལ་ཆས་ཅན་སྤྱིར་ན་མངོན་འགྱུར་བྱུང་ཡོད། 2016ལོར་ཕྱོགས་མང་པོ་དང་མཐུན་སྦྱོར་བྱས་པ་བརྒྱུད་ཙོག་ལོ་ཡིས་ཆུ་འཁོར་གྲོང་ཚོའི་མུའུ་112ཀྱི་མཉམ་སྡེབ་ཀྱི་བེད་མེད་ས་ཆ་ཁེ་ལས་ཀྱི་བྱ་གསོ་ར་བར་བོགས་མར་བཏང་བས་ལོ་ལྟར་བོགས་གླ་སྒོར་ཁྲི་4.5ལྷག་ཙམ་ཡོད། 2017ལོར་ཙོག་ལོ་ཡིས་མཐུན་སྦྱོར་ཧུར་ཐག་བྱས་མཐར་བསྡོམས་མ་དངུལ་སྒོར་ཁྲི་563ཟིན་པའི་ཀུ་ཤུ་འདེབས་འཛུགས་རྣམ་གྲངས་དེ་ཆུ་འཁོར་གྲོང་ཚོར་དོན་འཁྱོལ་བྱུང་བ་དང་གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱིས་ངལ་རྩོལ་བྱས་པར་ལོ་ལྟར་གླ་ཆ་སྒོར་ཁྲི་ལ་ཉེ་བ་ཡོད།

    ཉེ་བའི་ལོ་ཤས་རིང་ལོ་རེའི་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ་ཙོག་ལོ་དང་གྲོང་ཚོ“ཨུ་ལྷན་གཉིས”ཚན་ཁག་གིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ནས་དངུལ་ཁག་གཅིག་བཏོན་ཏེ་དུད་ཚང་མི་རེ་ངོ་རེར་ཀམ་པ་ལི་དང་། ཁ་གདན། འཁྲུད་འཁོར། འཁྱག་སྒམ་སོགས་འཚོ་བའི་མཁོ་ཆས་དང་གློག་ཆས་ཉོ་གི་ཡོད། ཙོག་ལོ་ཡིས“གྲོང་ཚོའི་མཉམ་སྡེབ་སྟོབས་ཆེར་ཕྱིན་ནས་ཡོང་འབབ་མང་དུ་སོང་བས་མང་ཚོགས་ལ་ཕན་བདེ་མང་ཙམ་སྐྲུན་དགོས”ཞེས་བཤད། 2018ལོར་ཆུ་འཁོར་གྲོང་ཚོ་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་ལས་བརྒལ་བའི་ཕྱུག་པོའི་གྲོང་ཚོའི་གྲས་སུ་ཚུད། 2019ལོར་ཆུ་འཁོར་གྲོང་ཚོའི་དཔལ་འབྱོར་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་802.18ཟིན་པ་དང་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་24538.51ཟིན་ཡོད། ཆུ་འཁོར་གྲོང་ཚོའི་ཏང་ཀྲི་པུའུ་ལ་སྔ་རྗེས་སུ་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང(ཆུས)བཅས་རིམ་པའི“གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་གྲོང་ཚོ”དང“རྩ་སྲ་རྨང་བརྟན”གྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་གྲོང་ཚོ“སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།