[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཛེས་ཤིང་ཡིད་དུ་འོང་བའི་དགྱེ་གླིང་གྲོང་ཚོ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2022-01-12

    1541695_yis_1641916800000_s.jpg

    འདི་ནི་སྤྲིན་སྨུག་འཁྲིགས་ཤིང་ཕྱོགས་བཞི་གངས་རིས་བསྐོར་བའི་དགྱེ་གླིང་གྲོང་ཚོའི་མུའུ་བརྒྱ་ཡི་ཇ་ཞིང་ཡིན་པ།

    ལོ་གསར་རྙིང་འབྲེལ་མཚམས་སུ། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་རི་ཚོགས་ཁྲོད་དུ་གནས་པའི་མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་བསྐྱོད་ནས་ཡུལ་ལྗོངས་སུམ་རྩེན་གནས་ལ་འགྲན་པའི་སྦས་ཡུལ་དུ་རྟོག་ཞིབ་བྱས་པ་ཡིན།

    མེ་ཏོག་རྫོང་གྲོང་ནས་ཐོན་ཏེ། རི་ལམ་ཀྱག་ཀྱོག་བརྒྱུད་རི་མཐོ་གྲོག་རོང་དང་སྔོ་ལྗང་ནགས་ཚལ་སྟུག་པོའི་ཁྲོད་ཆུ་ཚོད་གཅིག་ལྷག་ཙམ་བསྐྱོད་རྗེས། དགྱེ་གླིང་གྲོང་ཚོའི་རི་ལྡེབས་སུ་གནས་པའི་མོན་པའི་ཁྱད་ཆོས་ཟབ་མོ་ལྡན་པའི་ཐོག་ཁང་སྟར་ཕྲེང་མིག་ལམ་དུ་ཁྲ་ཐིང་ངེར་མངོན་པ་དང་། དེ་དག་རི་གསེབ་ཀྱི་སྨུག་སྤྲིན་ཁྲོད་མཛེས་སྡུག་ལྡན་པའི་སྣུམ་ཚོན་རི་མོ་ཞིག་ལྟར་སྣང་།

    དགྱེ་གླིང་གྲོང་ཚོར་མངགས་སྡོད་ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཧྲུའུ་ཅི་དང་པོ་དང་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧོང་ཅ་པིན་གྱི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ང་ཚོའི་མདུན་དུ་ཡོང་ནས། “ཡུལ་ལྗོངས་མཛེས་ལ་མི་སེམས་བརྩེ་བས་ཕྱུག་པའི་དགྱེ་གླིང་གྲོང་ཚོར་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན”ཞེས་བཤད།

    མཛེས་ཤིང་ཡིད་དུ་འོང་བའི་ཡུལ་ལྗོངས།

    གྲོང་སྡེའི་ཕྱི་རོལ་གྱི་དགྱེ་གླིང་ཐར་པ་རིའི་སྟེང་དུ་ལངས་ནས་ཕྱོགས་བཞིར་ལྟ་སྐབས། རྒྱང་རིང་དུ་གནས་པའི་རི་བོ་གནམ་ལྕགས་འབར་བར་སྨུག་སྤྲིན་ལང་ལོང་དུ་འཁྲིགས་ཤིང་། རྡོ་གཞོང་ལ་དང་། བདེ་ཡངས་ལ། ཀླུ་ཞར་ལ་སོགས་རི་བོ་བང་རིམ་སྟར་ཆགས་མང་པོ་མཐོང་རྒྱུ་ཡོད་པ་དེ་དག་མཛེས་སྡུག་ལྡན་ལ་རབ་ཏུ་བཞད་པའི་མེ་ཏོག་པད་མས་ཕྱོགས་བཞི་བསྐོར་བ་དང་གཉིས་སུ་མ་མཆིས།

    ཉེ་འགྲམ་དུ་གནས་པའི་ལྷ་ཡུལ་ལྟ་བུའི་དགྱེ་གླིང་ཐར་པ་རི་བོའི་སྟེང་དུ་གྲོང་མི་ཚོས་རི་དབྱིབས་དང་བསྟུན་ནས་བསྐྲུན་པའི་སྐས་དབྱིབས་ཅན་གྱི་མུའུ་བརྒྱའི་ཇ་ཞིང་ཡོད་ཅིང་། མཚམས་འདིར་ཁོང་ཚོས་དུས་ཚོད་དམ་འཛིན་གྱིས་ཇ་ཤིང་ལ་ཡལ་བཞུར་རྒྱག་བཞིན་འདུག

    ཇ་ཤིང་ལ་ཡལ་བཞུར་རྒྱག་པ་ཕུད། གྲོང་མི་ཚོས་ཞིང་དལ་དང་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་སྤྱད་ནས་རི་ལམ་ཉམས་བཟོ་བྱེད་པ་དང་འབྲེལ། རི་རྩེར་ལྗོངས་གཟིགས་སྟེགས་བུ་ཞིག་ཀྱང་བསྐྲུན་ནས། དགྱེ་གླིང་གྲོང་ཚོའི་ལྟ་ན་སྡུག་པའི་མཛེས་ལྗོངས་མི་དེ་བས་མང་བས་མཐོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།

    རི་ནས་བབས་ཏེ་གྲོང་ཚོར་འབྱོར་སྐབས། གསར་འགོད་པ་དང་བཅས་པ་གྲོང་ཚོར་སྔོ་ཁེབས་ཉམས་གསོ་བྱེད་པར་ཡོང་བའི་མེ་ཏོག་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་ལག་རྩལ་པ་ལིའུ་ཀྲེན་དང་འཕྲད། ཁོང་དང་གྲོང་མི་ཚོ་མཉམ་དུ་དགྱེ་གླིང་གྲོང་ཚོའི་གདོད་མའི་ནགས་ཚལ་ཞིག་ཏུ་བསྐྱོད། 

    ལིའུ་ཀྲེན་གྱིས་ང་ཚོར་རྩ་ཆེའི་རྩི་ཤིང་སྣ་ཚོགས་དབྱེ་འབྱེད་བྱེད་སྟངས་སློབ་ཞོར་དུ། “ཁྱེད་ཚོས་ཇ་ཤིང་ར་བ་ནས་མཐོང་བའི་རི་བོ་གནམ་ལྕགས་འབར་བར་མཐོ་ཚད་སྨི་7782ཡོད་པ་དང་། འདི་གར་ས་བབ་དམའ་ཤོས་སྨི་155ཙམ་ལས་ཟིན་གྱི་མེད། བར་སྟོང་ཆུང་ངུ་དེའི་ཐད་དཔྱང་གཟར་ཚད་ལས་སྐྱེ་དངོས་སྣ་མང་རང་བཞིན་གྲུབ་པ་དང་། གནས་འདི་ནི་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཡིད་སྨོན་བྱ་ཡུལ་ཞིག་རེད་ལ། སྲོག་ཆགས་དང་རྩི་ཤིང་ལ་ཚན་རིག་རྟོག་ཞིབ་བྱེད་སའི་ལྷ་ཡུལ་ལྟ་བུ་ཞིག་དེ་བས་ཀྱང་རེད། དེའི་རྩྭ་རྩི་ཤིང་ཚང་མ་ང་ཚོས་སྲུང་སྐྱོང་བྱེད་རིན་ཡོད་པ་ཤ་སྟག་རེད”ཅེས་ངོ་སྤྲོད་བྱས་བྱུང་། ཁོང་གིས་རྩི་ཤིང་སྐྱེ་ཚུལ་ལ་བརྟག་དཔྱད་ཞིབ་ཚགས་བྱེད་པ་དང་རྩ་ཆེའི་སྐྱེ་དངོས་རིགས་མཐོང་ཚེ་གྲོང་མི་ཚོ་དང་མཉམ་དུ་ལྕགས་དྲ་བསྐོར་ནས་སྲུང་སྐྱོང་བྱས་ཏེ་གཅན་གཟན་དང་ཕྱུགས་རིགས་སོགས་ཀྱི་གཏོར་སྐྱོན་མི་ཕོག་པ་བྱེད་ཀྱི་ཡོད།

    ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་གོང་དུ་འཕེལ་བ། 

    མེ་ཏོག་གི་རི་ཁྲོད་དུ་གནས་པའི་དགྱེ་གླིང་གྲོང་ཚོ་ནི་ས་རྒྱ་ཆུང་ལ་འགྲིམ་འགྲུལ་ཡང་སྟབས་བདེ་པོ་མེད། ལོ་མང་རིང་མཛེས་སྡུག་ལྡན་པའི་གྲོང་ཚོ་འདི་དང་ཡུལ་གཞན་ཧ་ལམ་འབྲེལ་ཐག་ཆད་པར་བརྟེན་གྲོང་མི་ཚོས་ཆུ་འབྲས་དང་མ་རྨོས་ལོ་ཏོག་ཉུང་ཤས་བཏབ་ནས་འཚོ་ཐབས་བྱེད་ཀྱི་ཡོད་པས་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། ཞི་བས་བཅིངས་འགྲོལ་བཏང་རྗེས་ཚང་མའི་འཚོ་བར་འགྱུར་ལྡོག་བྱུང་མོད། འོན་ཀྱང་མེ་ཏོག་རྫོང་དུ་གཞུང་ལམ་ཤར་གཏོང་མི་ཐུབ་པའི་ཁར་དགྱེ་གླིང་གྲོང་ཚོ་ནས་རྫོང་གྲོང་དབར་བར་ཐག་རིང་བས་སྐབས་ཤིག་རིང་གྲོང་མི་ཚོར་འཕེལ་རྒྱས་ཀྱི་ཐབས་ལམ་རྙེད་མེད།

    2013ལོར་མེ་ཏོག་ཏུ་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། 2016ལོར་དགྱེ་གླིང་གྲོང་ཚོར་རླངས་འཁོར་ཤར་གཏོང་ཐུབ་ཡོད། དུས་དེ་ནས་བཟུང་དགྱེ་གླིང་གྲོང་ཚོའི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་མི་རྣམས་ཀྱིས་མིག་ལམ་དུ་ཤར་བ་མ་ཟད། ཚང་མས་ཇ་ཤིང་འདེབས་པ་དང་ནགས་ཁྲོད་ཐོན་ལས་འཕེལ་རྒྱས་བཏང་ནས་ཡུལ་སྐོར་བར་བསུ་བ་ཞུས་ཡོད་ལ་བདེ་སྐྱིད་དང་རེ་བ་ཡང་བསུས་ཡོད།

    མེ་ཏོག་རྫོང་གིས་2017ལོར་དགྱེ་གླིང་གྲོང་ཚོར་ཇ་ཤིང་ཁྱབ་གདལ་བཏང་མོད། འོན་ཀྱང་ཁྱད་དུ་འཕགས་པའི་རང་བྱུང་ས་གཤིས་ཀྱི་ཆ་རྐྱེན་ལྡན་པའི་གནས་དེར་འཚོ་མཁན་གྲོང་མི་ཚོས་ཇ་ཤིང་ལ་རྒྱུས་མངའ་མེད་པས་ཐོན་འབབ་ཡག་པོ་མ་བྱུང་བ་དང་ཇ་ལོ་བཏུས་རྗེས་མི་བྲིན་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པར་བརྟེན་ཇ་ཤིང་འདེབས་པར་རྟག་ཏུ་ཐེ་ཚོམ་ཆེན་པོ་བྱེད་ཀྱི་ཡོད།

    “འཕེལ་རྒྱས་ཀྱི་བསམ་ཕྱོགས་འགྲིག་ཚེ་དཀའ་ཚེགས་ཇི་ཙམ་ཆེ་ཡང་མཐའ་འཁྱོངས་བྱེད་དགོས” གྲོང་མི་ཚོའི་སེམས་ཁྲལ་སེལ་ཆེད། ཧོང་ཅ་པིན་དང་དབུལ་སྐྱོར་ཆེད་བསྐོས་ལས་བྱེད་པ་ཁྱིམ་དུད་རེ་རེའི་སར་བསྐྱོད་ནས་བསམ་བློའི་ལས་དོན་སྤེལ་བ་དང་། ཡུལ་མི་ཚོར་ཏང་གི་བཀའ་དྲིན་བརྗོད་པ། དུས་བབ་ཧ་ཅང་བཟང་པོ་དང་དམངས་ཕན་སྲིད་ཇུས་གླེང་བ། གྲོང་ཚོའི་རང་སྟོབས་རང་སྤེལ་གྱི་ཕྱུག་འགྱུར་གཏམ་རྒྱུད་གླེང་བ་སོགས་བྱས་པས། མི་ལ་བརྩོན་འགྲུས་ལྡན་གྱུར་ན་མི་འགྲུབ་བྱ་བ་ཅི་ཡང་མེད་ཅེས་པ་ལྟར་གྲོང་མི་ཚོར་སེམས་འགུལ་ཆེན་པོ་ཐེབས་ནས་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པའི་སེམས་ཐག་བཅད་པ་རེད།

    མང་ཚོགས་ལ་དཀའ་ངལ་འཕྲད་སྐབས་གྲོང་ཚོའི་ཏང་ཡོན་རྣམས་ཀྱིས་གདོང་མཆོང་བྱེད་ཅིང་། ཁོང་ཚོས་དྲ་ཐོག་ནས་ལག་རྩལ་སྦྱངས་ཏེ་ནད་འབུའི་གནོད་འཚེ་བསལ་བ་དང་ཇ་ཞིང་དུ་ཤོར་བའི་ནོར་ལུག་ཕྱིར་འབུད་ཀྱི་ཡོད། ཡུན་རིང་མ་སོང་བར་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་སྟེ། ཇ་ཤིང་གི་སྐྱེ་ཚུལ་སྔར་བས་ཡག་ཏུ་ཕྱིན་པ་དང་གྲོང་མི་ཚོར་ལོ་དང་པོའི་ཁེ་སྤོགས་བགོ་བཤའ་རག་པས། ལག་གི་ཡོང་འབབ་མཐོང་སྐབས་ཚང་མའི་ཧུར་སེམས་སྔར་བས་ཆེ་རུ་སོང་བ་རེད།

    “སྔོན་ཆད་ང་ཚོས་ཆུ་འབྲས་དང་མ་རྨོས་ལོ་ཏོག་འདེབས་སྐབས་ཡོང་འབབ་ཕྲན་བུ་ཙམ་ལས་མེད། ད་ལྟ་བསམ་ཡུལ་ལས་འདས་པ་ཞིག་ལ་ཇ་ལོ་སོས་པ་རྒྱ་མ་གང་ལ་སྒོར་35རག་གི་འདུག”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་རྡོ་རྗེ་ཕུན་ཚོགས་ཀྱིས་གདོང་ནས་འཛུམ་མདངས་འཕྱུར་བཞིན་དུ་བཤད། ཁོང་གིས་གསར་འགོད་པར“2021ལོར་དགྱེ་གླིང་གྲོང་ཚོའི་ཇའི་སྤུས་ཚད་ཧ་ཅང་ཡག་པོ་ཡོད། འཐུ་ཐེངས་གཉིས་ཁོ་ནར་སྒོར་ཁྲི་40ལྷག་ཙམ་རག་བྱུང་། རྣམ་གྲངས་དེ་ཁོ་ནར་དགའ་འོས་པའི་ཡོང་འབབ་བྱུང་ཞིང་། ཚོད་རྩིས་རགས་ཙམ་བྱས་པར་གཞིགས་ན། 2021ལོར་གྲོང་ཚོའི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.3ཙམ་བྱུང་ཡོད”ཅེས་བཤད།

    བརྩེ་སེམས་རྒྱ་མཚོ་ལས་ཀྱང་ཟབ་པ།

    མཐའ་མཚམས་སུ་གནས་པའི་དགྱེ་གླིང་གྲོང་ཚོའི་ཕྱོགས་བཞི་གངས་རིས་བསྐོར་བ་དང་། ནགས་ཁྲོད་དུ་དྲོད་བཤེར་ཆེ་ལ་དུས་བཞིར་མེ་ཏོག་ཁྲ་ཐིང་ངེར་བཞད་ཀྱི་ཡོད། གྲང་ངར་ཆེ་བའི་དགུན་དུས་སུའང་གསར་འགོད་པ་དང་བཅས་པས་གྲོང་ཚོ་ནས་དྲི་ཞིམ་འཐུལ་བའི་མེ་ཏོག་དང་སྦྲང་རྩི་སོས་པ་མྱོང་རོལ་ཐུབ་བྱུང་ལ། མི་སེམས་འགུལ་བའི་མཐའ་སྲུང་གཏམ་རྒྱུད་མང་པོ་ཞིག་ཀྱང་ཐོས་བྱུང་།

    མི་རབས་ནས་མི་རབས་བར་དགྱེ་གླིང་གྲོང་ཚོར་འཚོ་བ་སྐྱེལ་མཁན་མོན་པ་རིགས་ཀྱི་མང་ཚོགས་ཀྱིས་མཐའ་སྲུང་དཔོན་དམག་དང་སྐྱིད་སྡུག་མཉམ་མྱོང་དང་། གཅིག་སེམས་གཅིག་གཏད་ཀྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་བ་དང་། ལག་སྦྲེལ་དཔུང་གཤིབ་ཀྱིས་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད། “ང་ཚོའི་གནས་འདིར་ཁྱིམ་གྱི་དོན་དག་གལ་ཆེན་པོ་ཅི་འདྲ་ཞིག་ཡོད་ཀྱང་དེ་ནི་དོན་ཆུང་དུ་བརྩི་བ་དང་མཐའ་མཚམས་སྐོར་གཡེང་དང་སྲུང་སྐྱོང་གི་དོན་དག་ཆུང་ཙག་གང་འདྲ་ཞིག་ཡིན་རུང་དེ་ནི་དོན་ཆེན་རེད”ཅེས་རྡོ་རྗེ་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད་བྱུང་། དགྱེ་གླིང་གྲོང་ཚོར་སྔར་ནས་བཟུང་མཐའ་མཚམས་སྐོར་གཡེང་དང་སྲུང་སྐྱོང་བྱེད་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད། རི་ཆུ་ཀླུང་གསུམ་དང་འཚོ་བ་ཡག་པོ་འདི་འདྲ་ཡོད་པས་ང་ཚོས་སྲུང་སྐྱོང་ཡག་པོ་བྱེད་དགོས་ངེས་རེད།

    གསར་འགོད་པ་དང་བཅས་པར་ད་དུང་གྲོང་ཚོ་ནས་ཝུན་ཀུའེ་དང་སྒྲོལ་མ་ཆོས་འཛོམས་བཟའ་ཚོ་ཕྲད་བྱུང་། ཁོ་ཚོས་གསར་འགོད་པ་ཁྱིམ་དུ་མགྲོན་པོར་བོས་བྱུང་། 2009ལོར་དམག་ཞབས་ཐིམ་པའི་སི་ཁྲོན་གྱི་རྒྱ་རིགས་ཕོ་གསར་ཝུན་ཀུའེ་དང་མོན་པའི་བུ་མོ་སྒྲོལ་མ་ཆོས་འཛོམས་དབར་བརྩེ་དུང་གི་མདུད་པ་ཐེབས་ཤིང་། ས་ཁོངས་དང་མི་རིགས་མི་འདྲ་ཡང་བརྩེ་དུང་དེར་དགྱེ་གླིང་གྲོང་ཚོར་མེ་ཏོག་བཞད་ནས་འབྲས་བུ་སྨིན། ད་ཆ་ཁོ་ཚོའི་ཕྲུ་གུ་གཉིས་སློབ་གྲྭར་སྐྱོད་བཞིན་ཡོད་པ་དང་ཁྱིམ་ཚང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་60ཟིན་ནས་འཚོ་བ་སྐྱིད་ཅིང་རྒྱགས་པ་ཞིག་ཡོད། “ང་ཚོའི་ཁྱིམ་དུ་ལོ་གསར་གཏོང་གྲབས་ཡོད་པས་ཁྱེད་ཚོ་ལོ་གསར་གཏོང་བར་ཕེབས་པར་དགའ་བསུ་ཞུ”ཞེས་ཝུན་ཀུའེ་དང་སྒྲོལ་མ་ཆོས་འཛོམས་གཉིས་མཛེས་བཟོ་བྱེད་བཞིན་པའི་ཁང་པའི་མདུན་དུ་ལངས་ནས་དགའ་སྤྲོའི་ངང་གསར་འགོད་པར་བཤད་བྱུང་།

    མི་སེམས་གཅིག་ཏུ་བསྒྲིལ་གྱུར་ན། རི་བོ་ཐའེ་ཧྲེན་ཡིན་ཡང་སྤོ་བར་ངེས། གྲོང་ཚོའི་གང་སར་ལྟ་བར་སྐྱོད་སྐབས། དགྱེ་གླིང་གྲོང་ཚོའི་ཇའི་ཐོན་ལས་དང་ཤ་མོ་སྤྲེལ་མགོ་དང་། འབྲས་དམར། ཀོ་ཤ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་བྱུང་ཡོད། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་ཁྲིད་སྟོན་འོག་དང་དཔུང་སྡེའི་དཔོན་དམག་དང་གྲོང་སྡོད་ལས་བྱེད་པའི་རོགས་རམ་འོག་དེ་སྔ་དགྱེ་གླིང་གྲོང་ཚོའི་མོན་པ་འདུས་སྡོད་གྲོང་ཚོ་དེ་མེ་ཏོག་རྫོང་གི་སྐད་གྲགས་ཆོད་པའི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་ཞིག་ལ་གྱུར་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།