[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་དཔེ་མཚོན་གྱི་གནད་དོན་གསུམ་བརྡ་ཁྱབ་བཏང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-24

    2020ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཉེ་དུས་ཞིབ་བཤེར་ཐག་གཅོད་ཐུབ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལས་འགལ་བའི་དཔེ་མཚོན་གྱི་གནད་དོན་གསུམ་བརྡ་ཁྱབ་བཏང་བ་རེད།

    ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་སྒྲིག་སྲོལ་ལས་འགལ་ནས་ཕོགས་སྣོན་དང་ཁ་གསབ་སྤྲད་པའི་གནད་དོན། 2015ལོའི་ཟླ་1པོ་ནས་2018ལོའི་ཟླ་6པ་བར་ལྷོ་རོང་རྫོང་སྤྱི་བདེ་ཅུས་ཀྱིས་མི་དམངས་ཉེན་རྟོག་པས་དངོས་སུ་ལས་དུས་འཕར་མ་བྱས་པ་གཞིར་མ་བཟུང་བར། ཚང་མར་སྒྲིག་སྲོལ་ལས་འགལ་ནས་ཁ་གསབ་དངུལ་སྒོར་ཁྲི་20.07སྤྲད་པ་རེད། དེའི་ནང་དེ་སྔ་ལྷོ་རོང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི། ཅུས་ཀྲང་བཅས་དང་ལྟ་ཞིབ་དཔོན་གྱི་འགན་གཅིག་ལྕོགས་འཁུར་མཁན་རིན་ཆེན་ཟླ་བས་མིང་རྟགས་བཀོད་ནས་སྒོར་ཁྲི་4.39སྤྲད་པ་དང་། ད་ལྟ་ལྷོ་རོང་རྫོང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་བདེ་ཅུས་ཏང་ཨུད་ཀྱི་ཧྲུའུ་ཅི། ཅུས་ཀྲང་བཅས་དང་ལྟ་ཞིབ་དཔོན་གྱི་འགན་གཅིག་ལྕོགས་འཁུར་མཁན་ཨན་ཅན་ཁྲའོ་ཡིས་མིང་རྟགས་བཀོད་ནས་སྒོར་ཁྲི་15.68སྤྲད་པ་རེད། 2019ལོའི་ཟླ་6པར་རིན་ཆེན་ཟླ་བར་ཏང་ནང་ཁུལ་དུ་ཐ་ཚིག་སྒྲོག་པའི་ཆད་པ་ཕོག་པ་དང་། ཨན་ཅན་ཁྲའོ་ལ་ད་དུང་སྒྲིག་འགལ་གྱི་གནད་དོན་གཞན་ལྡན་ཡོད་པས་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པ་དང་སྲིད་དོན་གྱི་རིམ་པ་གཅོག་པའི་ཆད་པ་ཕོག་པ་དང་སྒྲིག་སྲོལ་ལས་འགལ་ནས་བྱུང་བའི་དངུལ་གཞུང་བཞེས་བཏང་བ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཆུ་བཟང་རི་ཁྲོད་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ལིས་སྒྲིག་སྲོལ་ལས་འགལ་ཏེ་སྐྱེ་སྐར་གྱི་དགའ་སྟོན་གཉེར་བའི་གནད་དོན། 2018ལོའི་ཟླ་9པར་དབྱང་ལིས་སྐད་འཕྲིན་དང་ཁ་པར་ནས་ལས་རོགས་14རང་གི་སྐྱེ་སྐར་ལ་གདན་དྲངས་པ་མ་ཟད་འབུལ་རྟེན་སྒོར་3300བླངས་པ་རེད། 2019ལོའི་ཟླ་5པར་དབྱང་ལིར་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་སྲོལ་ལས་འགལ་ནས་བྱུང་བའི་དངུལ་གཞུང་བཞེས་བཏང་བ་རེད།

    གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕགས་འཁྱེར་ཤང་འཕྲོད་བསྟེན་ཁང་གི་ཡོན་ཀྲང་པ་ནོར་གྱིས་གཞུང་འཁོར་སྒེར་སྤྱོད་བྱས་པའི་གནད་དོན། 2018ལོའི་ཟླ་9པར་པ་ནོར་གྱིས་ཚན་པའི་མྱུར་སྐྱོབ་རླངས་འཁོར་བཏང་ནས་བཟའ་ཟླ་ཁྲིད་དེ་རྩེ་ཆེན་ཤང་ཆ་ཚང་སློབ་ཆུང་དང་རྩེ་ཆེན་ཤང་ནུབ་སྟོད་གྲོང་ཚོར་གཉེན་ཉེར་ལྟ་བར་བསྐྱོད་པ་རེད། རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་རིང་པ་ནོར་ལ་ད་དུང་དོན་དངོས་སྦ་གསང་དང་། གཞུང་འཁོར་བེད་སྤྱོད་ཀྱི་ཐོ་འགོད་རྫུན་བཟོ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་གཅོག་པ་སོགས་ཀྱི་གནས་ཚུལ་ཡང་ལྡན་ཡོད་པ་རེད། 2019ལོའི་ཟླ་6པར་པ་ནོར་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་སྲོལ་ལས་འགལ་ཏེ་གཞུང་འཁོར་བེད་སྤྱོད་བྱས་པའི་སྣུམ་རིན་སློག་ཏུ་བཅུག་པ་རེད།

    བརྡ་ཁྱབ་ནང་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་སྒྲིག་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་བཀོད་སྒྲིག་བླང་བྱར་ནན་པོ་གཞིགས་ནས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་གི“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་དང་བཅོས་སྒྲིག་གི་ལས་དོན་བཀོད་སྒྲིག་ཞིབ་ཚགས་དང་། དུས་ཆེན་རིང་གི་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས“སྤྱོད་ཚུལ་བཞིའི”གནད་དོན་གྱི་ཁྱད་ཆོས་གསར་པ་དང་འཕེལ་ཕྱོགས་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་གཞུང་འཁོར་སྒེར་སྤྱོད་དང་། སྒྲིག་སྲོལ་ལས་འགལ་ཏེ་རྒྱས་ཟ་རྒྱས་འཐུང་། སྒྲིག་སྲོལ་ལས་འགལ་ཏེ་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན། སྒྲིག་སྲོལ་ལས་འགལ་ཏེ་བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་ཐོན་སླ་བ་དང་ཐོན་མང་བའི་གནད་དོན་ལ་དམ་པོར་དམིགས་པ་དང་། གཞུང་དངུལ་མ་བཟས་ཀྱང་སྦྱིན་བདག་གི་དངུལ་སྤྱད་དེ་རྒྱས་ཟ་རྒྱས་འཐུང་དང་། སྒེར་འཁོར་གཞུང་གསོ། གློག་རྡུལ་དངུལ་སྤྲོད་ལེན། “མངོན་གསལ་མེད་པར་ལག་རྟགས་སྤྲོད་པ”སོགས་ལྐོག་གྱུར་དང་ངོ་འགྱུར་གྱི་གནད་དོན་ལ་དམ་པོར་དམིགས་ཏེ་ཡ་མེད་སྒྲིག་འགལ་དང“དམར་ཐིག”ལས་འགལ་བའི་བྱེད་སྤྱོད་ལ་མགྱོགས་མྱུར་ཞིབ་བཤེར་དང་ཐག་གཅོད་ནན་པོ་བྱེད་པ་དང་མིང་འདོན་བརྡ་ཁྱབ་དམར་འདོན་བྱས་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་རྒྱ་ཆེར་གཏོང་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།