[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

    མཐུན་སྒྲིལ་བརྟན་ལྷིང་ནི་བདེ་སྐྱིད་དང་ཁ་ཕྲལ་ཟང་ཟིང་ནི་ཆག་སྒོ་ཡིན་པའི་སྐོར་གྱི་རིམ་སྤེལ་དཔྱད་གཏམ་བཞི་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།    |    སྤེལ་དུས།   2020-01-23

    གྲོལ་མ་ཐག་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུའི་སྲོལ་ཡིག》ལ་མོས་ཤོག་ཆ་ཚང་ཐོབ་ནས་གྲོས་འཆམ་བྱུང་བ་དེས་རང་ལྗོངས་ཀྱིས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་རྒྱུར་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ཡོད་ལ། རང་ལྗོངས་ཀྱིས་མི་རིགས་ཀྱི་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་ནུས་ལྡན་བྱེད་པ་དང་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ཕྱོགས་ཡོངས་དང་གཏིང་ཟབ་ཀྱི་སྒོ་ནས་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་ཞིག་ཀྱང་བཏིང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་བྱ་རྒྱུ”དེ་ཀྲུང་ཧྭ་མི་རིགས་བསྟུན་མཁས་རང་བཞིན་སྔར་བས་ཆེ་བ་དང་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་བའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩི་དགོས། མི་རིགས་ལས་དོན་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དེ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། མི་རིགས་ལས་དོན་ཁྱབ་ཁོངས་ཁྲོད་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད། ད་ཐེངས《སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་ནི་རང་ལྗོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་མི་རིགས་ལས་དོན་སྐོར་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། རང་ལྗོངས་ཀྱིས་ཁྲིམས་བཞིན་བོད་སྐྱོང་རྒྱུ་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་ཡང་དག་མཐའ་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག རང་ལྗོངས་ཀྱིས་མི་རིགས་ལས་དོན་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་བཏང་སྟེ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་བའི་རྨང་གཞི་བརྟན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་རེད།

    གཞི་འཛིན་སའི་ཁྲིམས་ཡོད་པར་བྱ་རྒྱུ་ནི་ཁྲིམས་བཞིན་རྒྱལ་སྐྱོང་དང་མི་རིགས་ལས་དོན་ཁྲིམས་བཞིན་བཅོས་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་དང་། ཁྲིམས་བཟང་གིས་སྐྱོང་མཁས་ལ་སྐུལ་འདེད་གཏོང་རྒྱུ་ནི་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་རེད། 《སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་དེས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མི་རིགས་ལས་དོན་ལ་ཁྲིམས་བཞིན་དོ་དམ་བྱེད་པ་དང་། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ལས་དོན་གྱི་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་ལ་བྱ་སྤྱོད་ཀྱི་ཚད་འཛིན་ས་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ང་ཚོས་དེ་གོ་སྐབས་སུ་བྱས་ཏེ། ཁྲིམས་བཞིན་བོད་སྐྱོང་དང་མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་བ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་མི་རིགས་ཁག་གི་ཁེ་ཕན་ཆེ་ཤོས་སུ་བརྩི་བ། མི་རིགས་ཁག་གི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་བཞིན་འགན་སྲུང་། མི་རིགས་ཁག་གི་སྤྱི་དམངས་ལ་འདྲ་མཉམ་ངང་དབང་ཆ་སྤྱོད་དབང་ཡོད་པ་དང་འདྲ་མཉམ་ངང་ལས་འགན་བསྒྲུབ་རྒྱུར་འགན་སྲུང་བཅས་བྱས་ཏེ། ཁྲིམས་ལུགས་ཀྱི་སྲོལ་ལམ་ཐོག་མི་རིགས་ལས་དོན་བཅོས་སྐྱོང་བྱ་རྒྱུར་འགན་ལེན་བྱས་ནས《སྲོལ་ཡིག》ནང་འཁོད་པའི་རིན་ཐང་གི་ཕྱོགས་སྟོན་དང་། མི་དམངས་ཀྱི་བློ་སྟོབས། དུས་རབས་ཀྱི་སྙིང་སྟོབས་བཅས་དངོས་འབྲེལ་མཚོན་པར་བྱེད་དགོས།

    《སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་དང་ལག་བསྟར་བྱ་རྒྱུ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ། མི་རིགས་ལས་དོན་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་རྒྱུ་ནི་ལས་འགན་གཟི་བརྗིད་ཆེ་བ་དང་། འགན་འཁྲི་ཧ་ཅང་ཆེ་བ། འབྱུང་འགྱུར་རེ་བས་ཕྱུག་པ་བཅས་རེད། དེས་ན་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དུས་རབས་གསར་པའི་མི་རིགས་ལས་དོན་གྱི་གཙོ་རྐང་དེ་ཁོང་དུ་བརྟན་པོ་ཆུད་པར་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་དེ་རྨང་གཞིའི་རང་བཞིན་གྱི་བྱ་གཞག་ཏུ་བརྩིས་ནས་དམ་འཛིན་ནན་པོ་དང་ཡག་པོ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་ཀྲུང་ཧྭའི་རིག་གནས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་མི་རིགས་ཁག་གི་བརྩེ་དུང་གི་རྟེན་ས་དང་། སེམས་ཆགས་ས། བསམ་པའི་ཁྱིམ་གཞིས་བཅས་དང་། བོད་ཀྱི་རིག་གནས་ཀྲུང་ཧྭའི་རིག་གནས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི་བསམ་བློ་མང་ཚོགས་ཀྱི་སེམས་གཏིང་ལ་ཟུག་པར་བྱེད་དགོས། ནུས་ཆེའི་ཁྲིམས་སྐྱོང་ལག་བསྟར་མ་ལག་འཛུགས་པའི་འགག་རྩའི་ལྷུ་ཚིགས་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་རིགས་ལས་དོན་ཁྲིམས་སྐྱོང་ཅན་གྱི་ཡང་དག་པའི་ཁ་ཕྱོགས་འགན་ལེན་བྱེད་དགོས་པ་དང་། མི་དམངས་ཀྱི་བྱེད་པོའི་གནས་བབ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་སྤྱི་དམངས་ཀྱི་འདྲ་མཉམ་དབང་ཆ་དང་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་དགོས་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་འཛུགས་སྐྱོང་བྱེད་དགོས་པའི་བླང་བྱ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་ཁྲིམས་བཞིན་སྲིད་འཛིན་པའི་ཆུ་ཚད་མཐོ་རུ་གཏོང་དགོས། མི་རིགས་ཡོངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་བའི་འགན་སྲུང་གལ་ཆེན་དེ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་འཛིན་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་དད་སེམས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་བྱ་རྒྱུ་ནི་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནང་སྐྱེས་སྒུལ་ཤུགས་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན་པས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་ཡོངས་སུ“མཉམ་དུ་དོ་ཁུར་དང་། མཉམ་དུ་འཆར་འགོད། མཉམ་དུ་སྐུལ་འདེད”བཅས་ཀྱི་ལས་དོན་གྱི་མཉམ་ཤུགས་ཤིག་ཆགས་པར་བྱེད་པ། མི་རིགས་ཁག་གི་མང་ཚོགས་ལ་ཁྲིམས་སྐྱོང་དད་སེམས་འཛུགས་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། “མཐོང་རྒྱུ་ཡོད་པའི”ཁྲིམས་སྐྱོང་རྣམ་པ་ནང་སེམས་རྒྱུད་དུ་བརྟན་པོ་འཇགས་ཐུབ་པའི་ཁྲིམས་སྐྱོང་གི་དད་སེམས་ཤིག་ཏུ་འགྱུར་བར་བྱེད་པ་བཅས་ཀྱི་ཐོག་ནས་མི་རིགས་ལས་དོན་ཁྱབ་ཁོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་འགྱུར་ཆེད་སྤྱི་ཚོགས་ཀྱི་ཁོར་ཡུག་ཡག་པོ་ཞིག་སྐྲུན་དགོས།

    གྲུ་ཡི་སྟོབས་ཤུགས་གྲུ་གཡོར་དང་མི་ཡི་སྟོབས་ཤུགས་སེམས་ལ་ཡོད། མིག་སྔར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་ཆེད་འབད་འབུངས་ཡར་བརྩོན་བྱེད་བཞིན་ཡོད། བརྗིད་ཆེའི་དམིགས་ཚད་མངོན་འགྱུར་བྱེད་པར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། སེམས་ནུས་གཅིག་སྒྲིལ། ཐུན་མོང་འབད་འཐབ་བཅས་ལྷག་པར་བྱེད་དགོས། ང་ཚོས་མི་རིགས་ལས་དོན་སྐོར་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་ཀྱི་གོ་སྐབས་བཟང་པོ་དང་བསྟུན་ནས《སྲོལ་ཡིག》གི་དགོངས་དོན་ལ་སྲུང་བརྩི་ཞུ་བ། བརྟན་ལྷིང་མཐུན་སྒྲིལ་གྱི་ཆབ་སྲིད་ཀྱི་དུས་བབ་སྔར་བས་སྲ་བརྟན་དང་འཕེལ་རྒྱས་གཏོང་བ། རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་འཛིན་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་མོས་སེམས་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་རྒྱུན་འཁྱོངས་བྱེད་པ། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་རྩ་བ་བོད་དུ་ཚུགས་པའི་འགན་ལེན་བྱས་ཏེ་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རབ་ཏུ་བཞད་པ་བྱེད་དགོས།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།