[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • འཇམ་དབྱངས་ཆོས་གྲགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2020-01-23

    རྫོང་ནག་འཛུགས་སྐྲུན་ཀུང་སི་ནི་ལྷུན་རྩེ་རྫོང་གི་ཕྱུག་འགྱུར་སྣེ་ཁྲིད་པ་འཇམ་དབྱངས་ཆོས་གྲགས་ཀྱིས་བཙུགས་པ་ཞིག་རེད། ཏང་གི་ཞིང་ཕན་དམངས་ཕྱུག་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་འཇམ་དབྱངས་ཆོས་གྲགས་ཀྱིས་ཕ་ཡུལ་གྱི་ཡུལ་མི་ཚོའི་སྣེ་ཁྲིད་དེ་མཉམ་དུ་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་ཡོད། ལོ་བཅུ་གྲངས་ལྷག་ཙམ་གྱི་འབད་བརྩོན་འོག རྫོང་ནག་འཛུགས་སྐྲུན་ཀུང་སི་དེ་ཉིད་ལས་མི་བཅུ་གྲངས་དང་རླངས་འཁོར་བཅུ་ལྷག་ཙམ་ལས་མེད་པ་ནས་རྒྱུན་མཐུད་འཕེལ་རྒྱས་བྱུང་སྟེ་གཏན་འཇགས་ལས་མི་340དང་། སྐྱེལ་འདྲེན་རླངས་འཁོར་233 འཕྲུལ་འཁོར་ཆེ་འབྲིང་50ལྷག་ཙམ་ཡོད་པའི་ཀུང་སི་ཞིག་ཏུ་འཕེལ་རྒྱས་ཕྱིན་ནས་ས་གནས་ཀྱི་སྣེ་འདྲེན་དམངས་གཉེར་ཁེ་ལས་ཀྱི་གྲས་སུ་ཚུད་ཅིང་། ས་གནས་ཀྱི་ཞིང་འབྲོག་པ་དབུལ་སྒྲོལ་ཕྱུག་འགྱུར་བྱུང་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།

    “ཕྱོགས་བསྡུས་གཞུང་ལས་ཐོག་ཁང་དུ་བདེ་བླག་ངང་སྤོས་རྗེས་ཆ་ལག་ཚང་བའི་གཞུང་ལས་ཐོག་བརྩེགས་ཁང་ཆེན་ཡོད་པ་དེ་ཐོག་ནས་ང་ཚོའི་ཀུང་སི་རང་ངོས་ཡར་རྒྱས་གོང་འཕེལ་བྱུང་བ་མཚོན་པ་མ་ཟད། ཏང་གི་འགོ་ཁྲིད་འོག་མཐའ་མཚམས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རིམ་བཞིན་མངོན་འགྱུར་བྱུང་བའི་དཔང་པོའང་བྱེད་ཐུབ”ཅེས་བརྗོད་པ་དང་། ད་ཆའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྐོར་གླེང་སྐབས་འཇམ་དབྱངས་ཆོས་གྲགས་ཀྱི་སེམས་ནང་དགའ་སྤྲོས་ཁེངས་པ་མ་ཟད་དེ་བས་དྲིན་ཚོར་གྱི་བསམ་པས་ཕྱུག་ཡོད་པ་རེད།

    མ་དངུལ་སྒོར་ཁྲི་2020.79བཏང་བའི་ཀུང་སིའི་གཞུང་ལས་ཐོག་བརྩེགས་ཁང་ཆེན་ནི་ན་ནིང་ཟླ་བ་11པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་བ་དང་། ཐོག་སོ་བཞི་ཡོད་པའི་གཞུང་ལས་ཐོག་ཁང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་4216.78ཟིན་གྱི་ཡོད། ལས་བཟོའི་ཟ་ཁང་དང་། ཚོང་ཁང་། གཞུང་ལས་ཁུལ། ལས་བཟོའི་ཉལ་ཁང་། ཕྱོགས་བསྡུས་གྲོས་ཚོགས་ཁང་སོགས་ཆ་ཚང་པོ་ཡོད་པ་རེད།

    མཐའ་དར་དམངས་ཕྱུག་གི་སྲིད་ཇུས་རྒྱ་ཆེའི་མཐའ་མཚམས་ས་ཁུལ་དུ་རྒྱུན་ཆད་མེད་པར་དོན་འཁྱོལ་བྱེད་པ་དང་བསྟུན་ནས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང་། ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རིམ་སྤོར་སྒྱུར་བཀོད་སོགས་དམངས་འཚོའི་ལས་གྲྭ་རབ་དང་རིམ་པ་སྔ་རྗེས་སུ་ལག་ལེན་བསྟར་བཞིན་ཡོད། འཇམ་དབྱངས་ཆོས་གྲགས་ཀྱིས་ས་ཆ་དེ་གའི་ཞིང་འབྲོག་པ་སྒྲིག་འཛུགས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པས་ཀྲུང་སིའི་ལས་སྒོར་རྒྱུན་ཆད་མེད་པར་ཚད་བརྒལ་གསར་པ་བྱུང་བ་དང་། དབུལ་སྐྱོར་ཁྱབ་ཁོངས་དང་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་བྱེད་པའི་ཐད་མི་རྣམས་ཀྱིས་དོ་སྣང་བྱེད་འོས་པའི་གྲུབ་འབྲས་ཐོབ་ཡོད། ཀུང་སི་དེའི་ལས་གནས་ཁག་ཏུ་ལས་གཉེར་མི་སྣ་130དང་ཐོབ་ཐང་ཡོད་པའི་རྣམ་གྲངས་ཅིང་ལི་25ཡོད་པ་དང་། དེའི་ནང་དུད་ཚང་དབུལ་པོའི་དུད་ཁྱིམ་54དང་མཐོ་སློབ་སློབ་ཐོན་སློབ་མ་22ཡོད་པ་རེད།

    བྱ་གཞག་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་དུས་ཡུན་རིང་པོའི་ནང་། འཇམ་དབྱངས་ཆོས་གྲགས་ཀྱིས་ཐོག་མཐའ་བར་གསུམ་དུ་དབུལ་སྐྱོར་དཀའ་སེལ་བྱ་རྒྱུ་དེ་ཁེ་ལས་ཀྱི་ལྟེ་བའི་རིན་ཐང་ལྟ་བར་བརྩིས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ནང་ཧུར་ཐག་ཞུགས་ཏེ་མང་ཚོགས་དབུལ་པོར་རོགས་སྐྱོར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ཁྱོན་མ་དངུལ་སྒོར་ཁྲི་2000ཙམ་བཏང་ནས་ས་ཆ་དེ་གའི་གནད་སྨིན་དབུལ་སྐྱོར་གྱི་ལས་དོན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། 2019ལོ་ཁོ་ནར་འཇམ་དབྱངས་ཆོས་གྲགས་ཀྱིས་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཁག་ལ་རོགས་སྐྱོར་བྱས་པའི་མ་དངུལ་སྒོར་ཁྲི་318ཟིན་ཡོད་པ་རེད།

    འཇམ་དབྱངས་ཆོས་གྲགས་ཀྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བའི་རེ་འདོད་མངོན་འགྱུར་བྱས་པ་བཞིན། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་ལམ་བུའི་ཐོག་ས་མཐོའི་མི་དམངས་ཀྱི་ཕུགས་འདུན་དཀའ་སྤྱད་འབད་འཐབ་ཁྲོད་མངོན་འགྱུར་བྱས་དང་བྱེད་མུས་ཡིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།