[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “འཁྲུག་ཆ་དོད་པའི་ཚོང་འདུས”ལས་བོད་ཀྱི་མི་སེར་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་གསར་པ་མངོན་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་12ཚེས་5ཉིན་གློག་འཕྲིན་འབྱོར་གསལ། དུས་ཡུན་ཉིན་བདུན་གྱི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་སྐབས་བཅུ་གསུམ་པ་མིག་སྔར་འཚོགས་བཞིན་ཡོད་ལ། ཚོང་དུད་4000ལྷག་ཙམ་གྱིས་ཚོང་ཟོག་སྣ་ཁ་700ལྷག་ཙམ་ཁྱེར་ནས་ལོ་ཆུང་ཚོང་འདུས་སུ་ཞུགས་ཤིང་། ཕྱོགས་བཞི་མཚམས་བརྒྱད་ནས་ཚོང་འདུས་སུ་ཚོང་ཟོག་ཉོ་སྒྲུབ་བྱེད་པར་ཡོང་མཁན་མང་ཚོགས་ཁྲི་འགའ་ཞིག་ཟིན་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་ཚོང་ཟོག་དག་ལས་མངོན་པ་ནི་བོད་ཀྱི་མི་སེར་གྱི་འཚོ་བར་ཉིན་རེ་ལས་ཉིན་རེ་མ་འདས་པར་འགྱུར་ལྡོག་ཕྱིན་པ་དེ་རེད།

    ཞིང་འབྲོག་ཐོན་རྫས་དང་མི་རིགས་ལག་ཤེས་ཐོན་རྫས་ནི་སྔར་རྒྱུན་བཞིན་ཚོང་འདུས་སུ་བཤམས་པའི་ཚོང་ཟོག་གཙོ་བོ་ཡིན་ཞིང་། དེ་དག་གི་གྲས་སུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པ་ཡོད་ལ། ཁེར་རྐྱང་བཟོ་ཚོང་དུད་ཚང་གིས་ཐོན་སྐྱེད་བྱས་པའང་ཡོད།

    ལོ་46ལ་སླེབས་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་ཉི་མ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་སྣང་རྫོང་ནས་ཡིན་ཞིང་། ཁོང་དང་བཟའ་ཟླ་གཉིས་ལོ་ལྔ་བསྟུད་མར་ཡུལ་ཟོག་འཚོང་བར་ཡོང་ཞིང་། ཁོང་གཉིས་ཀྱི་ཁྲོམ་བཀྱག་ཐོག་ཀུ་ཤུ་དང་། ཁམ་བུ། སྟར་ཁ། གཡེར་མ། སུར་པན་སོགས་བསྒྲིགས་འདུག

    “ཚོང་ཟོག་འདི་དག་ནི་རང་ཉིད་ཀྱིས་བཏབ་པ་ཤ་སྟག་ཡིན། བྲོ་བ་དངོས་གནས་ཞིམ་པོ་ཡོད། ན་ནིང་གི་ཉིན་བདུན་རིང་ཚོང་འདུས་སུ་ཞུགས་པར་ཁེ་བཟང་སྒོར་ཁྲི་གཅིག་བྱུང”སོང་། ངས་བདལ་གླ་རྒྱུག་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བཅུ་བྱུང་བའི་ཐོག་བཟའ་ཟླས་ཞིང་ཁ་བཏབ་པར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་གསུམ་འདུག་པས་སློབ་གྲྭར་འགྲོ་བའི་ཕྲུ་གུ་གཉིས་ཀྱི་འགྲོ་སོང་ལ་སེམས་ཁྲལ་གཏན་ནས་མི་འདུག ད་ལྟ་བུ་རྒན་པ་བོད་ལྗོངས་མི་རིགས་སློབ་གླིང་དུ་ཡོད”ཅེས་འཛུམ་མདངས་འཕྱུར་བཞིན་བཤད་བྱུང་།

    འཁྲུག་ཆ་ཤིན་ཏུ་དོད་ལ་གྲོང་གསེབ་ཀྱི་ཁྱད་ཆོས་ཀྱང་ཆེན་པོ་ལྡན་པའི་ཚོང་འདུས་སུ་སྐྱོད་རིང་། གསར་འགོད་པས་དངོས་ཟོག་བརྗེ་རེས་དང་ཕྱུགས་རིགས་ཉོ་ཚོང་སོགས་བྱེད་མཁན་ཇེ་ཉུང་དུ་སོང་ནའང་དུས་རབས་ཀྱི་ཉམས་འགྱུར་ལྡན་པའི་གསར་གཏོད་ཐོན་རྫས་མང་པོས་ཉོ་མཁན་མང་པོའི་ཡིད་དབང་འཕྲོག་པ་མཐོང་བྱུང་། ལྷོ་ཁའི་ཁྱད་ལྡན་ཐོན་རྫས་ཏེ་ལྷུན་རྩེ་རྫོང་གི་ནས་ནག་རྩམ་པའི་ཁྲོམ་བཀྱག་གི་མདུན་དུ་སྐོར་ལྟ་བྱེད་མཁན་རྒྱུན་ཆད་མེད་ལ། བྱ་གཞག་ཚན་པ་ནས་ཡིན་པའི་མིག་དམར་གྱིས་ནས་ནག་རྩམ་པ་ལྕགས་ཀྲིན་འགའ་ཉོས་རྗེས། ད་དུང་ནས་ནག་ཆང་ཧུབ་གང་བཏུངས་བ་དང་།“དེ་འདྲའི་མངར་བ་ལ་ཨང་། དངོས་གནས་ཞིམ་པོ་འདུག”ཅེས་ཡང་ཡང་བཤད།

    ལྷུན་རྩེའི་ནས་ནག་ནི་ཀྲུང་གོའི་ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཤིག་རེད། 2011ལོར་བསོད་ནམས་རྒྱ་མཚོས་མཉམ་ལས་ཁང་བཙུགས་པ་དང་ཕྱིས་སུ་བོད་ལྗོངས་ཁོ་ཡོན་ཞིང་ལས་གསར་སྤེལ་མ་རྐང་ཚད་ཡོད་ཀུང་སི་དང་བོད་ལྗོངས་ནོར་བུ་བཟང་པོའི་ཁེ་ལས་ཚད་ཡོད་ཀུང་སི་སྔ་རྗེས་སུ་བཙུགས་ཏེ། ནས་ནག་རྩམ་པ་དང་། ནས་ནག་འབྲས། ནས་ནག་ཡོས་སོགས་ཚོང་གི་ཡོད། མིག་སྔར་ཀུང་སི་དེས་ནས་ནག་ཆང་ཚོད་ལྟའི་སྒོ་ནས་སྙོལ་བཞིན་ཡོད་པ་དང་འཆར་གཞི་ལྟར་ན་2020ལོར་ཁྲོམ་རར་དངོས་སུ་འདོན་རྒྱུ་རེད། “ད་རེས་ཚོང་འདུས་སུ་ཞུགས་དོན་ནི་མི་སེར་ལ་ཐོན་རྫས་དེ་དག་གི་བྲོ་བ་ལྟ་རུ་བཅུག་ནས་ཁོང་ཚོའི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པའི་ཆེད་དུ་ཡིན”ཞེས་བསོད་ནམས་རྒྱ་མཚོས་བཤད།

    སློབ་གྲྭར་སྐྱོད་མྱོང་མེད་པའི་ཞིང་པ་ཞིག་ནས་ལས་གཏོད་པ་ཞིག་ལ་གྱུར་པའི་བསོད་ནམས་རྒྱ་མཚོར་དུས་རབས་ཡག་པོ་ཞིག་ཏུ་འཁེལ་ནས་གོ་སྐབས་མང་པོ་ཐོབ་ཅིང་། སྲིད་གཞུང་གི་རོགས་རམ་འོག ཁོང་ལ་སྐྱེད་དམའི་དངུལ་བུན་རག་ནས་ས་གནས་དེ་གའི་སྤུས་ཀ་དག་པའི་ནས་ནག་ཐད་ཀར་ཉོ་སྒྲུབ་བྱ་རྒྱུ་བྱུང་ཡོད།

    ཁོང་གིས“ད་ཆ་མི་སེར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་ནས་བདེ་ཐང་ལ་མཐོང་ཆེན་པོ་བྱེད་ཀྱི་འདུག ལྗང་མདོག་དང་སྤྱི་གནོད་མེད་པའི་ལྷུན་རྩེའི་ནས་ནག་ནི་འཚོ་བཅུད་ཀྱི་རིན་ཐང་ཆེ་བ་དང་སྨན་བཅོས་བདེ་ཐང་གི་ནུས་པ་ཆེན་པོ་ལྡན་པ་ཞིག་ཡིན”ཞེས་བཤད་བྱུང་། བཟའ་འཐུང་ཕུད་ད་དུང་མི་སེར་ཚོ་གྱོན་ཆས་དང་། རྒྱན་ཆ། མཁོ་ཆས་བཅས་ལའང་དང་དོད་ཇེ་ཆེར་འགྲོ་ཡི་ཡོད། གསེར་དངུལ་ལས་སྣོན་ཐོན་རྫས་ཀྱི་ཁྲོམ་བཀྱག་མདུན་དུ་མི་ཁ་ཤས་ཀྱིས་སྐོར་ཏེ་ཆང་ཕོར་ལ་ལྟ་བཞིན་འདུག ཕོར་པའི་ཁ་དང་ནང་དུ་དངུལ་ཤན་བཏང་བ་དང་ཞབས་ར་སྲོལ་རྒྱུན་གྱི་བཀྲ་ཤིས་རྟགས་བརྒྱད་བརྒྱབ་པའི་དངུལ་ཤན་གྱིས་བརྒྱན་ཏེ། ཕར་བལྟས་ན་མིག་ལ་ཤིན་ཏུ་མཛེས་བ་ཞིག་འདུག ཚོང་པ་ཕུར་བུ་ཚེ་རིང་གིས་གོང་ཚད་ཁྲི་3ཡིན་ཟེར་བ་ཐོས་སྐབས་གསར་འགོད་པས“གོང་ཚད་དེ་འདྲའི་མཐོ་བ་ལ་ཨང་། ཉོ་མཁན་འདུག་གམ”ཞེས་ཁ་ནས་རང་དབང་མེད་པར་ཤོར། བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གིས་སླར་ཡང་ཧང་སངས་དགོས་པའི་ཁ་གྲངས་ཤིག་བཤད་པ་སྟེ། ན་ནིང་ཚོང་འདུས་སུ་ཞུགས་པ་ལས་ངར་ཁེ་བཟང་སྒོར་10རག་བྱུང་ཞེས་བཤད།

    ད་ལོར་ལོ་56ལ་སླེབས་པའི་ཕུར་བུ་ཚེ་རིང་ནི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྔ་སྒྲ་གསེར་དངུལ་རྡུང་བཟོ་ལག་ཤེས་ཀྱི་ཚབ་མཚོན་རང་བཞིན་གྱི་རྒྱུན་འཛིན་པ་ཞིག་རེད། ཁོང་གིས་ལོ་17ནས་ཕའི་རྗེས་འབྲངས་ལག་ཤེས་སྦྱངས་ཤིང་། ད་ཆ་དགེ་ཕྲུག་དང་ལག་ཤེས་བཟོ་པ་བཅུ་གྲངས་གསོ་སྐྱོང་བྱས་ཡོད། དངུལ་ཕོར་དང་དངུལ་ཆས་སོགས་བརྡུངས་པར་ལོར་ཡོང་འབབ་སྒོར་ཁྲི་75ནས་80བར་ཡོང་གི་ཡོད།

    “གསེར་དངུལ་རྡུང་བཟོའི་ལག་ཤེས་སྦྱངས་ན་དགེ་ཕྲུག་ཐོན་པར་ལོ་མང་དགོས། ལས་ཀ་དེ་རྙོག་དྲ་ཤིན་ཏུ་ཆེ་བར་བརྟེན‘ལག་ཤེས་མཁན་རྙིང་པ’ཇེ་ཉུང་དུ་འགྲོ་ཡི་ཡོད། ད་ཆ་ཅ་ལག་སྤུས་དག་ལ་དགའ་པོ་མི་བྱེད་མཁན་སུ་ཡོད”ཅེས་ཕུར་བུ་ཚེ་རིང་གིས་བཤད།

    ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་ཚོང་འདུས་1981ལོར་འགོ་ཚུགས་པ་ནས་ད་བར། ཚོགས་འདུས་དེ་ས་སྟོང་དུ་ཚོགས་པ་ནས་ད་ཆའི་ཆུ་དང་། གློག ལམ། འཕྲིན་གཏོང་། གསང་སྤྱོད་སོགས་སྒྲིག་བཀོད་ཆ་ཚང་བའི་ཚད་ལྡན་ཅན་གྱི་ཚོང་འདུས་ཤིག་ཏུ་འཕེལ་རྒྱས་བྱུང་སྟེ། ཁྲོམ་རའི་གསོན་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་སྤེལ་བྱེད་པ། མང་ཚོགས་ལ་འབབ་འཕར་ཡོང་བ་བཅས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཡོད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།