[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཧུའུ་ནན་ཧེང་དབྱང་དུ་ལས་ཀ་བྱེད་པའི་བོད་ཀྱི་ཕོ་གཞོན་ཧུའུ་ཅ་ཕུང་།

    འཛམ་གླིང་ཡངས་ཤིང་རྒྱ་ཆེ་བས་ཁྲོན་པའི་ནང་གི་སྦལ་པ་ལྟར་བྱེད་མི་རུང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-07

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ནས་ཡིན་པའི་བོད་རིགས་ཕོ་གཞོན་ཧུའུ་ཅ་ཕུང་དང་ཐེངས་དང་པོ་འཕྲད་ཡུལ་ནི་ཁོང་གི་ལས་ཁུངས་ཧུའུ་ནན་ཞིང་ཆེན་ཧེང་དབྱང་གྲོང་ཁྱེར་མི་སྤྱི་ཅུས་ངལ་རྩོལ་འགན་ལེན་ལྟ་ཞིབ་ཉིང་ལག་རུ་ཁག་ཏུ་རེད།

    “ཤ་རིད་ལ་གྲུང་ཤ་དོད་པ”ནི་ཧུའུ་ཅ་ཕུང་གིས་བཞག་པའི་བབ་ཆགས་དང་པོ་དེ་རེད།

    “ངའི་པ་ཕ་ཀན་སུའུ་ཐེན་ཧྲུའི་བ་ཡིན་པ་དང་ཨ་མ་བོད་རིགས་ཡིན་སྟབས་ང་ནི་བོད་རིགས་འདྲ་པོ་དེ་ཙམ་མེད”ཅེས་ཧུའུ་ཅ་ཕུང་གིས་གད་མོ་དགོད་བཞིན་དུ་གསར་འགོད་པར་བཤད།

    ཧུའུ་ཅ་ཕུང་བོད་ལྗོངས་རྫ་ཡུལ་ནས་ཐག་རིང་ཧུའུ་ནན་ཧེང་དབྱང་དུ་ལས་ཀར་ཡོང་དོན་ནི“ལོ་ན་ཆུང་དུས་ཕྱི་ཕྱོགས་སུ་མང་ཙམ་འགྲོ་བསམ་པ”དེ་རེད།

    ཁོང་ཡང་ཕ་མའི་གམ་དུ་བསྡད་འདོད་མེད་པ་མིན་པར་2017ལོར་ཀྲུང་གོ་སྨན་རྫས་ཚན་ཁག་སློབ་ཆེན་སྐྱེ་དངོས་ལག་རྩལ་ཆེད་ལས་ནས་ཐོན་རྗེས་གཞུང་ལས་པའི་ཡིག་རྒྱུགས་གཏོང་མྱོང་ལ་ཁེ་ལས་སུའང་འགྲོ་མྱོང་ཡོད་པ་མ་ཟད་ད་དུང་སྲིད་དོན་ལྟེ་གནས་སུ་སྐར་ཁུང་ལས་དོན་མི་སྣའང་བྱེད་མྱོང་མོད། འོན་ཀྱང་ད་བར་རྐང་པ་ཚུགས་ཐུབ་མེད། 2018ལོར་ཧུའུ་ཅ་ཕུང་སྐྱེ་ཁུངས་བོད་ལྗོངས་ནས་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ལྗོངས་ཕྱི་རོལ་གྱི་གཞུང་ལས་པའི་རྒྱུགས་ལེན་ནང་ཞུགས་པ་བརྒྱུད་ཧེང་དབྱང་གྲོང་ཁྱེར་མི་སྤྱི་ཅུས་སུ་སླེབས།

    ཧུའུ་ཅ་ཕུང་གིས“ཕ་མ་གཉིས་ཀ་རྫ་ཡུལ་དུ་འཚོ་བ་སྐྱེལ་བ་དང་གཅེན་པོ་ལྷ་སར་ལས་ཀར་འགྲོ་གི་ཡོད། ཐོག་མར་ཁོང་ཚོས་རང་ཉིད་ལྗོངས་ཕྱི་རོལ་དུ་ལས་ཞུགས་བྱེད་པར་མོས་མཐུན་དེ་ཙམ་བྱས་མ་བྱུང”ཞེས་གསར་འགོད་པར་བཤད།

    “འོན་ཀྱང་ངའི་བསམ་པར་དེ་གར་རྒྱུགས་འཕྲོད་རྗེས་ལས་ཀར་མ་ཡོང་ཚེ་རང་གིས་རང་ལ་ཡིད་ཆེས་མེད་པ་ལྟར་རེད་སྙམ་བྱུང”དེ་ལྟར་ཧུའུ་ཅ་ཕུང་ལ་བསམ་ཤེས་ཆེ་བའི་ནང་མི་ཚོའི་མོས་མཐུན་ཐོབ་པ་རེད།

    ལས་ཀ་ཆེད་ལས་དང་མི་མཐུན་པའི་ཁར་ཕ་ཡུལ་ནས་ཁ་བྲལ་བས་ལས་ཀའི་ཁོར་ཡུག་དང་གང་མགྱོགས་བསྟུན་ཐུབ་ཆེད་ཧུའུ་ཅ་ཕུང་གིས་ལས་སྒོའི་ཤེས་བྱ་སློབ་སྦྱོང་ཧུར་ཐག་དང་ཡར་བརྩོན་ཆེན་པོ་བྱས་ཏེ་ལས་དོན་ཁྲོད“སེམས་རྩ་འཁོལ་པོ་དང་། ངང་རྒྱུད་རིང་པོ། ཞིབ་ཚགས་པོ། ལྷག་བསམ་ཟོལ་མེད”བཅས་དང“ཉན་ཤེས་པ་དང་། འདྲི་ཤེས་པ། ཤོད་ཤེས་པ། སྤྱོད་ཤེས་པ”བཅས་མཐའ་འཁྱོངས་བྱས་པ་རེད།

    ལས་ཀར་སླེབས་པ་ནས་བཟུང་ཡོང་མི་དང་། ངོ་བཅར་ཞུ་མཁན། ཁ་པར་འབྱོར་བ་བཅས་གང་ཞིག་འཕྲད་ཀྱང་ཧུའུ་ཅ་ཕུང་གིས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་ལྷག་བསམ་ཟོལ་མེད་ངང་ཞབས་འདེགས་ཞུ་བའི་འདུ་ཤེས་ལ་བརྟེན་ནས་འགན་ནན་པོ་འཁུར་བ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་རྒྱ་ཆེའི་མང་ཚོགས་ཀྱིས་གླེང་མང་བ་དང་དཀའ་གནད་ལ་གསེད་བཀྲོལ་དང་ཚུར་ལན་བྱེད་པ་དང་འབྲེལ་ངལ་རྩོལ་འགན་ལེན་ལྟ་ཞིབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་པས་རྒྱ་ཆེའི་མང་ཚོགས་ཀྱིས་ངལ་རྩོལ་བཅའ་ཁྲིམས་དང་ཁྲིམས་སྲོལ་ཤེས་ཚད་ཆེ་རུ་ནུས་ལྡན་ཕྱིན་པ་རེད།

    ངལ་རྩོལ་འགན་ལེན་ལྟ་ཞིབ་ཉིང་ལག་རུ་ཁག་གི་རུ་དཔོན་ཕེང་ཆིང་ཧེང་གིས“ང་ཚོས་གཙོ་བོ་ཧེང་དབྱང་གྲོང་ཁྱེར་གྱི་ངལ་རྩོལ་ལྟ་ཞིབ་དང་། ངལ་རྩོལ་ཁེ་དབང་སྲུང་སྐྱོང་། ཞུ་གཏུག་ཐག་གཅོད་སོགས་འབྲེལ་ཡོད་ལས་དོན་གྱི་འགན་ཁུར་གྱི་ཡོད། དེ་ནི་དཀའ་ཚེགས་ཆེ་བའི་ལས་ཀ་ཞིག་ཡིན་པས་སྦྱོང་དགོས་པའི་སྲིད་ཇུས་དང་ཁྲིམས་སྲོལ་ཁག་50ལྷག་ཙམ་ཡོད། འོན་ཀྱང་ཧུའུ་ཅ་ཕུང་གིས་འདི་ལོའི་ཟླ་8པར་ལས་ཀར་སླེབས་པ་ནས་བཟུང་ཡར་བརྩོན་ཧུར་ཐག་དང་འབད་བརྩོན་ཆེན་པོ་བྱས་ཏེ་ལས་ཀའི་བར་གསེང་དུ་ཁོམ་པ་ཡོད་རིམ་བཞིན་ཁོང་གིས་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་བྱེད་ཀྱི་ཡོད”ཅེས་བཤད།

    ཁོང་གིས་ངལ་བ་དང་དུ་བླངས་པ་མ་ཟད། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད།

    རྟག་ཏུ་མང་ཚོགས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་མང་ཚོགས་ཀྱི་བཞིན་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར་བ་མཐོང་ཚེ་ཧུའུ་ཅ་ཕུང་ཡང་དགའ་ཚོར་ཆེན་པོ་བྱེད་ཀྱི་ཡོད“ངལ་རྩོལ་འགན་ལེན་ལྟ་ཞིབ་ལས་ཁུངས་ཀྱི་ལས་ཀ་ནི་རྒྱ་ཆེའི་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བཟང་སྒྲུབ་པ་བཅས་ཀྱི་ལས་དོན་ཞིག་ཡིན་པས་དེ་ནི་དོན་སྙིང་ལྡན་པའི་ལས་དོན་ཞིག་རེད། རང་ཉིད་ཀྱི་འགན་འཁྲི་ཡག་པོ་བསྒྲུབས་ཐུབ་པ་དེ་རང་གིས་རང་ལ་ཁས་ལེན་ཆེ་ཤོས་བྱས་པ་ཞིག་རེད”

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།