[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • “ཆང་རྐྱལ་གྲོང་ཚོ”ནས“ཤེས་དཔལ་གྲོང་ཚོའི”བར་གྱི་འགྱུར་ལྡོག

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-12-06

    མངའ་རིས་ས་ཁུལ་གྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་5200ཟིན་པའི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཚོ་སྟེ། དགེ་རྒྱས་རྫོང་ཡག་ར་ཤང་ཕྱུག་ཚང་གྲོང་ཚོར་སླེབས་སྐབས། གསར་འགོད་པས་གྲོང་ཚོའི་འགྲོ་ལམ་གཙང་སྦྲ་དོད་ལ་མི་རྣམས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་ཡོད་པ་མཐོང་བྱུང་།

    དེ་སྔོན་ཕྱུག་ཚང་གྲོང་ཚོའི་མང་ཚོགས་མི་ཉུང་བ་ཞིག་ཉིན་གང་ཆང་འཐུང་དང་རྒྱན་འགྱེད་ལ་དབྱིངས་ཞུགས་ཤིང་། མང་ཚོགས་ཁ་ཤས་ཀྱི་ཁྱིམ་གྱི་གསོག་དངུལ་ཚང་མ་ཤོར་བ་མ་ཟད། ད་དུང་བུ་ལོན་ཟུག་པས་བུ་ལོན་སྤྲོད་མི་ཐུབ་པའི་སྐབས་སུ་ཁྱིམ་གྱི་སྒོ་ཕྱུགས་གཏའ་མར་འཇོག་གི་ཡོད། དེ་ལྟར་དེ་སྔ་འཆམ་མཐུན་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་འགའ་ཞིག་བཟའ་མི་བུ་ཕྲུག་ཁ་ཐོར་ནས་མཚན་གཅིག་ལ་དུད་ཚང་དབུལ་པོར་གྱུར་གྱི་ཡོད།

    “དེ་འདྲ་བྱས་ན་ཕྱུག་ཚང་གྲོང་ཚོ་ཚར་རྒྱུ་རེད”ཅེས་པ་དེ་ནི་གྲོང་ཚོའི་ནང་གི་དཔྱོད་ལྡན་ཁག་གཅིག་གི་གཅིག་མཐུན་གྱི་ལྟ་སྟངས་ཡིན་ཞིང་། 2014ལོར། ཕྱུག་ཚང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཚོགས་འདུ་འཚོགས་ནས་ཆང་རག་འཐུང་མི་ཆོག་པ་དང་རྒྱན་པོ་འགྱེད་མི་ཆོག་པའི་བྱ་ཐབས་འདོན་རྒྱུར་གྲོས་བསྡུར་བྱས་མོད། འོན་ཀྱང་ཐོག་མའི་དུས་སུ་འགལ་རྐྱེན་ཆེན་པོ་འཕྲད།

    “དེ་སྔ་གྲོང་ཚོའི་ནང་གི་ཚུལ་མིན་སྤྱོད་ཚུལ་ཐད་ང་ཚོས་བསམ་བློ་མི་ཉུང་བ་བཏང་ཡོད་ལ། ཐབས་ཤེས་ཀྱང་མང་པོ་བསམ་བློ་བཏང་ནས་ཆང་རག་འཐུང་མི་ཆོག་པ་དང་རྒྱན་པོ་འགྱེད་མི་ཆོག་པའི་ལམ་ལུགས་བཏོན་པ་ཡིན། ཡིན་ནའང་། ཡུལ་མི་ཁ་ཤས་ཀྱིས་མཐོང་ཡང་མ་མཐོང་བ་ལྟར་བྱེད་པ་མ་ཟད། ད་དུང་ལབ་གླེང་མང་པོ་བྱེད་ཀྱི་འདུག”ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རིག་རྡོར་གྱིས་བཤད་བྱུང་།

    སྟབས་ལེགས་པ་ཞིག་ལ་ཕྱུག་ཚང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་སེམས་ཤུགས་ཉམས་རྒྱུ་ལྟ་ཅི། ད་དུང“ཆང་རག་འཐུང་སྲོལ་དང་རྒྱན་པོ་འགྱེད་སྲོལ”བཅོས་སྒྲིག་བྱེད་པའི་ཆོད་སེམས་དེ་བས་བརྟན་དུ་བཏང་། ཚན་ཁག་གི་ཁོངས་མིས་རྟག་ཏུ་རང་འགུལ་ངང་ཆང་རག་འཐུང་མཁན་དང་རྒྱན་པོ་འགྱེད་མཁན་གྱི་ཡུལ་མིའི་ཁྱིམ་དུ་བསྐྱོད་ནས་སྙིང་གཏམ་ཤོད་རེས་བྱེད་པ་དང་། ཁོང་ཚོ་དང་གྲོགས་པོ་བསྒྲིགས་ནས་ཆང་འཐུང་དང་རྒྱན་འགྱེད་ཀྱི་མཇུག་འབྲས་ངན་པ་བཤད་དེ་ཁོང་ཚོའི་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་རོགས་དང་གོམས་གཤིས་ངན་པ་དེ་རིམ་བཞིན་དོར་རོགས་བྱས་པ་རེད།

    དེ་སྔ་རིག་འཛིན་རྡོ་རྗེའི་ཁྱིམ་ནི་གྲོང་ཚོའི་ནང་གི་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་པ་དང་ཕྱུགས་རིགས་300ལྷག་ཙམ་ཡོད། ཐེངས་ཤིག་ཁོ་པ་ཤང་དུ་དོན་དག་སྒྲུབ་པར་སྐྱོད་སྐབས་རྒྱན་པོ་འགྱེད་སྟངས་ཤེས་ནས་དེར་དབྱིངས་ཞུགས་པ་རེད། རྒྱན་པོ་འགྱེད་པའི་རྐྱེན་གྱིས་ཁྱིམ་གྱི་ཅ་དངོས་གོ་ཆོད་པ་ཚང་མ་ཤོར་བ་མ་ཟད། ད་དུང་བུ་ལོན་སྒོར་ཁྲི་30ལྷག་ཙམ་ཟུག་པ་རེད། བཟའ་ཟླས་ཁོ་པ་རྒྱན་པོར་དབྱིངས་ཞུགས་པ་མཐོང་སྐབས་ཁ་ཏ་བསླབ་བྱ་ཐེངས་མང་བྱས་ཀྱང་ཁོ་བོས་ཁ་ཡ་གཏན་ནས་མ་བྱས་པས་མཐར་འུ་ཐུག་ནས་ལོགས་བཀར་བྱས། དེ་ལྟར་དེ་སྔ་བདེ་སྐྱིད་ལྡན་པའི་རིག་འཛིན་རྡོ་རྗེའི་ཁྱིམ་ཚང་དེ་རྒྱན་པོ་འགྱེད་པའི་རྐྱེན་གྱིས་བཟའ་མི་བུ་ཕྲུག་ཁ་ཐོར་དུ་གྱུར།

    གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་རིག་འཛིན་རྡོ་རྗེའི་གནས་ཚུལ་ཤེས་རྗེས། རང་འགུལ་ངང་ཁོ་པའི་ཁྱིམ་དུ་ཐེངས་མང་བསྐྱོད་ནས་ངང་རྒྱུད་རིང་པོས་སློབ་གསོ་བརྒྱབ་པ་དང་བློ་ཞིབ་མོས་ཁྲིད་སྟོན་བྱས་མཐར་ཁོ་པའི་རྒྱན་པོ་འགྱེད་པའི་གོམས་གཤིས་ངན་པ་དོར་བ་རེད། ད་ཆ་རིག་འཛིན་རྡོ་རྗེས་གྲོང་ཚོའི་འབྲི་གཡག་སྡོམ་གསོས་རྟེན་གཞིར་འབྲི་གཡག་འཚོ་བཞིན་ཡོད་ལ། སྐབས་རེར་ཤང་ནང་གི་ཨར་ལས་རུ་ཁག་ཏུ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཁོ་པས་ཕྱུགས་འཚོ་བ་དང་ཨར་ལས་རུ་ཁག་ཏུ་ལས་ཀ་བྱས་པར་བརྟེན་ནས་བུ་ལོན་ཚང་མ་འཕྲོད་དེ། ལེགས་ལམ་དུ་བསྐྱོད་པར་གྲོང་ཚོའི་འགོ་ཁྲིད་དང་མང་ཚོགས་ཀྱིས་བསྟོད་བསྔགས་བྱེད་ཀྱི་ཡོད་པ་རེད།

    “དེ་སྔོན་ལྟོ་གོས་སོགས་ལ་སེམས་ཁྲལ་ཅི་ཡང་མེད་པར་འཚོ་བ་ཧ་ཅང་ཡག་པོ་ཡོད་མོད། འོན་ཀྱང་རང་ཉིད་རྒྱན་འགྱེད་ལ་གཡེང་བས་ཅི་ཡང་མེད་པའི་སྤྲང་པོ་ལྟ་བུར་གྱུར་བྱུང་། ངས་ད་ཆ་འདི་ལྟར་བཤད་པ་ནི། ང་དང་འདྲ་བར་རྒྱན་འགྱེད་ལ་དགའ་མཁན་ཚོས་ངའི་བསླབ་བྱ་དང་ལེན་བྱས་ནས་མི་ཚེ་ཧྲིལ་པོར་རྒྱན་པོ་མི་འགྱེད་རྒྱུའི་ཆེད་དུ་ཡིན”ཞེས་གྲོང་མི་རིག་འཛིན་རྡོ་རྗེས་འགྱོད་སེམས་ཆེན་པོས་བརྗོད།

    2015ལོར། ཕྱུག་ཚང་གྲོང་ཚོས་དུས་སྐབས་དང་བསྟུན་ནས། ཆང་རག་ཚོད་འཛིན་དང་རྒྱན་འགྱེད་གཏན་འགོག་བྱ་རྒྱུ་སོགས་གྲོང་སྲོལ་དམངས་ཆིངས་ནང་བྲིས་པ་རེད། གྲོང་ཚོའི་ནང་གི་ཚོང་ཁང་དང་ཇ་ཁང་སོགས་སུ་ཆང་རག་བཙོང་མི་ཆོག་པ་དང་། གྲོང་མི་ཚོས་ཕན་ཚུན་ལྟ་སྐུལ་དང་ཆད་གཅོད་ལམ་ལུགས་ཀྱང་བཟོས་ཡོད། སྲོལ་ངན་བསྐྱར་དུ་དར་རྒྱུ་སྔོན་འགོག་བྱ་ཆེད། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་དུས་ངེས་མེད་ངང་གྲོང་མིས་ཆང་བཏུང་རྒྱན་འགྱེད་སོགས་ཀྱི་བྱེད་སྤྱོད་ངན་པ་སྤེལ་གྱི་ཡོད་མེད་ལ་སྐོར་གཡེང་ཞིབ་བཤེར་བྱས་པ་རེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ཆ་གྲོང་ཚོ་ཧྲིལ་པོའི་དུད་ཚང་134ཡི་མི་443ཁྲོད་ཆང་རག་འཐུང་མཁན་དང་རྒྱན་པོ་འགྱེད་མཁན་གཅིག་ཀྱང་མེད་པས་ཆང་རག་དང་རྒྱན་འགྱེད་ལ་གཡེང་བའི་གོམས་གཤིས་ངན་པ་ཚོད་འཛིན་ནུས་ལྡན་ཐུབ་ཡོད་པ་རེད།

    “ངས་གྲོང་ཚོའི་ནང་ཇ་ཁང་ཞིག་བཙུགས་པ་ཡིན། གྲོང་ཚོའི་ནང་ཆང་རག་བཙོང་ཆོག་གི་མེད་པས་ཚོང་སྔོན་མ་དང་བསྡུར་ན་ཞན་ཙམ་ཡོད་མོད། འོན་ཀྱང་གྲོང་མི་ཚོའི་བསམ་པའི་ཉམས་འགྱུར་ཡག་པོ་ཡོད་པ་མཐོང་སྐབས་ང་དགའ་ཚོར་ཆེན་པོ་སྐྱེ་ཡི་འདུག དེ་སྔའི་ཆང་རག་ལ་དགའ་བའི་མི་རྣམས་ད་ཆ་ཇ་ཁང་ནང་དུ་འཛོམས་ཀྱི་ཡོད་པ་དང་། ཁོང་ཚོས་འཐུང་བ་དེའང་ཇ་ཁོ་ན་རེད”ཅེས་གྲོང་མི་ཚེ་རིང་སྐལ་བཟང་གིས་བཤད།

    ཡག་ར་ཤང་གི་ཏང་ཨུད་ཧྲུའུ་ཅི་རྒོད་སྐྱེས་ཚེ་རིང་གིས་ཤང་ཏང་ཨུད་དང་སྲིད་གཞུང་གིས་ཕྱུག་ཚང་གྲོང་ཚོའི་བྱེད་ཐབས་ཤང་ཡོངས་ལ་ཁྱབ་གདལ་གཏོང་བ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་གོམས་གཤིས་ངན་པར་འགྱུར་ལྡོག་ཤུགས་ཆེན་གཏོང་བ་དང་། ཤེས་དཔལ་སྲོལ་གསར་དར་སྤེལ་གཏོང་བ། “མི་བཟང་ལས་བཟང་ལ་མི་ཚང་མས་བསྔགས་བརྗོད་བྱེད། བྱ་ངན་སྤྱོད་ངན་ལ་མི་ཚང་མས་སྐྱོན་བརྗོད་བྱེད”རྒྱུ་དར་སྤེལ་གཏོང་བ། གྲོང་མིའི་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་གྲོང་ཚོ་དང་མང་ཚོགས་ཀྱི་གོམས་སྲོལ་བཟང་པོ་གཏོད་རྒྱུ་ཡིན་ཞེས་བཤད།

    བཅར་འདྲི་མཇུག་འགྲིལ་སྐབས་ཉིན་གང་ལས་ཀ་བྱས་པའི་གྲོང་མི་ཚོས་ནུབ་ཁའི་ཉི་མ་དང་འགྲོགས་ཏེ་གཉིས་རེ་གསུམ་རེ་བྱས་ནས་གཙང་ཞིང་གྲལ་འགྲིག་པའི་གྲོང་ཚོའི་ལམ་བུའི་ཐོག་སྐྱོད་བཞིན་ལུས་ཐོག་གི་ཐལ་རྡུལ་རྡབ་རྡབ་གཏོང་བ་དང་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།