[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ན་གཞོན་ཁྱོ་ཤུག་གཉིས་ཀྱི་ཡིད་སེམས་འགུལ་བའི་ལས་གཏོད་གཏམ་རྒྱུད།

    —— རྒྱུན་གཏོད་མཛེས་བཟོ་ཆ་ཚང་ཆེད་ལས་ཁང་གི་སྦྱིན་བདག་འགྱུར་མེད་དབང་མོ་དང་པད་མ་དབང་ཆེན་ཁྱོ་ཤུག་གཉིས་ཀྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།   རྣམ་གླིང་རིན་ཆེན། བསོད་ནམས་དབང་ཕྱུག    |    སྤེལ་དུས།   2019-11-22

    679108_yis_1573536764806.jpg

    ལས་གཏོད་པ་པད་མ་དབང་ཆེན་གྱིས་གཞུང་ལས་ཁང་དུ་ལས་ཀ་བྱེདབཞིན་པ།

    679104_yis_1573536763106.jpg

    ཁང་བདག་ལ་སྣེ་ལེན་ཞུ་སའི་ཚོམས་ཆེན།

    679100_yis_1573536761327.jpg

    ལས་གཏོད་པ་འགྱུར་མེད་དབང་མོ།

    679101_yis_1573536761733.jpg

    ཁང་པ་མཛེས་བཟོར་མཁོ་བའི་རྒྱུ་ཆ།

    679103_yis_1573536762622.jpg

    ཁང་བདག་ལ་ཁང་པ་མཛེས་བཟོའི་རྒྱུ་ཆ་དང་གོང་ཚད་ངོ་སྤྲོད་བྱེད་པ།

    679105_yis_1573536763543.jpg

    ཀུང་སིའི་ལས་མིས་མཛེས་བཟོའི་འཆར་འགོད་བྱེད་བཞིན་པ།

    679106_yis_1573536763933.jpg

    ཀུང་སིའི་ལས་མིས་གློག་ཀླད་ནས་མཛེས་བཟོའི་འཆར་འགོད་བྱེད་བཞིན་པ།

    ནམ་མཁའི་སྐར་ཚོགས་ལས་མང་བའི་མི་ཚོགས་ཀྱི་ཀློང་དུ། ཕན་ཚུན་གཅིག་ངོ་གཅིག་གིས་ཤེས་པར་སྤྱིར་ན་ཧང་སངས་དོན་མེད་མོད། མི་ཚེ་མཐའ་སྐྱེལ་ཡོང་བའི་ཐོག་མའི་བསམ་འདུན་མ་བརྗེད་པར། ལག་གདང་དཔུང་སྦྲེལ་ངང་དཀའ་ངལ་སྣ་ཚོགས་ལ་གདོང་གཏད་དེ། ཕྱི་བཤོལ་མེད་པར་ཕུགས་འདུན་གཅིག་ལ་ཕྱོགས་ནས་མདུན་དུ་སྐྱོད་ཐུབ་པ་ནི་ལས་སླ་མོ་ཞིག་ག་ལ་ཡིན། 

    2010ལོར། སློབ་འབྲིང་གི་རིག་གནས་ཆུ་ཚད་ལས་མེད་པའི་ཁོ་མོས་ཕ་ཡུལ་ནས་རྡོག་ཐོན་བྱས་ཏེ་ལྷ་སར་རང་གི་མི་ཚེའི་ལམ་བུ་འཚོལ་བར་ཡོང་། ཐོག་མར་ཁོ་མོས་ལྷ་སར་ཡོད་པའི་རང་གི་ཨ་ཁུའི་འགྲམ་དུ་བུ་རྫི་བྱེད་པ་དང་ཁྱིམ་ལས་རྩག་རྩིག་བྱེད་ཞོར་དཔེ་དེབ་གྲོགས་སུ་བསྟེན་ནས་རྒྱ་བོད་ཡིག་རིགས་གཉིས་ཀར་སློབ་སྦྱོང་བྱས་ནས་བསྡད། ཁོ་མོའི་སྣང་ངོར་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་རྐང་པ་བརྟན་པོ་ཞིག་འཛུགས་ཐུབ་པ་བྱེད་དགོས་ན། སྔོན་ལ་རང་རྒྱུད་ལ་ཤེས་བྱ་ཡོན་ཏན་ངེས་ཅན་དགོས་པའི་ལྟ་ཚུལ་འཆང་གིན་ཡོད་ཅིང་། དོན་དངོས་ཀྱི་ལག་ལེན་ཐོག་ཏུའང་ཁོ་མོས་དུས་ཚོད་གང་བྱུང་དུ་འཕྲོ་བརླག་མ་བཏང་བར་བརྩོན་འགྲུས་ཀྱི་རྟ་ཕོ་ཤེས་བྱའི་སྤང་ཐང་ཡངས་མོར་ཁ་ལོ་སྒྱུར་བཞིན་ཡོད་སྟབས། སྔོན་ཆད་རྒྱ་སྐད་ཀྱི་ལམ་ནས་ཤོད་མི་ཐུབ་པའི་སྐད་ཆ་མང་པོ་འཁོན་ཐོགས་མེད་པར་སྨྲ་ཤེས་པར་གྱུར། ཁོ་མོས་ད་གཟོད་ཨ་ཁུར་རང་ཉིད་ཕྱི་ལ་ལས་ཀ་འཚོལ་བར་འགྲོ་འདོད་ཡོད་པའི་གནས་ཚུལ་བཤད་ནས། གྲོང་ཁྱེར་ལྷ་སའི་ཁྲོམ་གཞུང་གང་སར་རྐང་རྗེས་གྲངས་མེད་བཞག་སྟེ་ཡར་རྒྱུག་མར་རྒྱུག་ངང་ལས་ཀ་འཚོལ་བར་བསྐྱོད་མཐར། 2012ལོར་ཁོ་མོར་ད་གཟོད་ལྷ་སའི་སྣེའུ་ཁུལ་གསར་རྒྱུད་དུ་གནས་པའི་ས་ཁང་བདག་ཁོངས་ཀུང་སི་ཞིག་ཏུ་ལས་ཀར་འགྲོ་བའི་གོ་སྐབས་བྱུང་། མ་གཞི་ཞིང་ཁུལ་ནས་ཡོང་བའི་ཁོ་མོའི་རིག་གནས་ཆུ་ཚད་དེ་ཙམ་མཐོ་པོ་མེད་ཀྱང་། ཁོ་མོར་དཀའ་སྤྱད་འབད་བརྩོན་གྱི་སྙིང་རུས་དང་། སེམས་ཆུང་ཡ་རབས་ཀྱི་གཤིས་བཟང་མངའ་བས། ཀུང་སི་དེ་གའི་སྦྱིན་བདག་དང་ལས་རོགས་མང་པོས་ཁོ་མོར་གཡས་གཞོགས་གཡོན་འདེགས་ཀྱིས་རོགས་རམ་བྱེད་བཞིན་ཡོད།

    ཁོ་མོའི་མིང་ལ་འགྱུར་མེད་དབང་མོ་ཟེར། འགྱུར་མེད་དབང་མོ་ཟེར་བའི་གཞོན་ནུ་མ་དེ་ས་ཁང་བདག་ཁོངས་ཀུང་སིར་ལས་ཀར་འབྱོར་རྗེས། སེམས་ཆུང་ཡ་རབས་ངང་ཞོགས་སྔ་ལངས་བྱས་ཏེ་ཀུང་སིའི་གཞུང་ལས་ཁང་དུ་ཆུ་ཁོལ་སྐོལ་བ་དང་། གཙང་སྦྲ་བྱེད་པའི་ལས་ཀ་ཆུང་ཙག་ནས་འགོ་བཙུགས་ཏེ། ལས་རོགས་ཀྱི་འགྲམ་ནས་སྐུ་མགྲོན་ལ་ཁང་པ་ཇི་ལྟར་ངོ་སྤྲོད་བྱེད་པ་དང་། ཁང་པ་ཇི་ལྟར་ཚོང་མིན་ཐད་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཐོབ། ཁོ་མོའི་བསམ་པར་མི་ཚེ་གང་པོ་ཆུ་ཁོལ་སྐོལ་བ་དང་གཙང་སྦྲ་ཁོ་ན་བྱས་ནས་བསྡད་ན་མི་འགྲིག་སྙམ་སྟེ། ཁོམ་པ་ཡོད་ཚད་སྤྱད་ནས་གློག་ཀླད་སྦྱོང་བ་དང་། ནམ་རྒྱུན་ངལ་གསོའི་དུས་ཚོད་དང་། ལས་ཐག་བཅད་ནས་སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་ཁྱིམ་ལ་ལོག་པའི་ལམ་བར་དུའང་རང་གིས་བཀླག་མི་ཤེས་པའི་རྒྱ་ཡིག་ཇི་ལྟར་ཀློག་མིན་དང་། དེའི་ནང་དོན་གང་ཡིན་མིན་བཙལ་ནས་གོམ་པ་རེ་རེ་བཞིན་མདུན་དུ་སྐྱོད་བཞིན་ཡོད་ཅིང་། ནམ་ཞིག་རང་ཉིད་ཀྱང་ལས་རོགས་གཞན་དང་འདྲ་བར་རང་རྐྱ་འཕེར་བའི་ངང་སྐུ་མགྲོན་བཙལ་ཏེ་ཁང་པ་ཚོང་ཐུབ་པ་བྱ་རྒྱུའི་ཆོད་སེམས་བརྟན་པོར་བཞག དེ་ལྟར་མིག་ཡུད་ཙམ་ཞིག་ལ་ལོ་ངོ་གསུམ་ཕར་ལ་འདས་སོང་། ལོ་ངོ་གསུམ་གྱི་རིང་ལ་མ་གཞི་ཁོ་མོར་བརྗོད་ལས་འདས་པའི་དཀའ་ངལ་མི་ཉུང་བ་ཞིག་ཕྲད་ཀྱང་། ཁོ་མོས་དཀའ་ངལ་རེ་རེ་བཞིན་འཛུམ་གྱིས་བསུས་ནས་འབད་བརྩོན་ལྷོད་མེད་བྱས་མཐར། ཐོག་མའི་ཆོད་སེམས་བཞིན་ད་ལྟ་ཁོ་མོས་རང་རྐྱ་འཕེར་བའི་ངང་ཁང་པ་ཚོང་ཐུབ་པ་མ་ཟད། ལོ་མཇུག་ཏུ་ཁང་པ་བཙོངས་ཚད་ཆེས་མང་བའི་ལས་མིར་བདམས་ཏེ་ལས་རྗེས་ཨང་དང་པོའི་བྱ་དགའ་ཡང་མི་ཉུང་བ་ཞིག་ཐོབ་མྱོང་། དེ་ལྟར་ནའང་། ཁོ་མོས་མིག་མདུན་གྱི་གྲུབ་འབྲས་ཕྲན་བུར་ཡིད་ཚིམ་ནས་མ་བསྡད་པར་ཁྲོམ་རའི་དཔལ་འབྱོར་གྱི་འགྲན་རྩོད་དྲག་པོའི་ཁྲོད་དུ་ཞུགས་ནས་ཀུང་སིའི་དྲིན་ལན་འཇལ་ཆེད་དང་རང་གི་ཕུགས་འདུན་མངོན་འགྱུར་ཡོང་སླད། གོམ་གང་མདུན་སྤོས་ཀྱིས་སེམས་རྩ་འཁོལ་པོས་འཛད་སྤྱོད་པའི་དགོས་མཁོར་གཞིགས་ནས་ཁང་པའི་ཆེ་ཆུང་དང་། གོང་ཚད། ཁྱད་ཆོས་སོགས་ངོ་སྤྲོད་བྱེད་པ་དང་། བརྩོན་པ་ཆུ་མོའི་རྒྱུན་བཞིན་བསྟེན་ནས་མུ་མཐུད་འབྲེལ་ཡོད་ས་ཁང་བདག་ཁོངས་ཐད་ཀྱི་ཤེས་བྱར་སྦྱངས་བརྩོན་ལྷོད་མེད་བྱེད་བཞིན་མཆིས།

    2015ལོ་ནི་ཁོ་མོར་མཚོན་ན་མི་ཚེའི་ལམ་བུ་གསར་པ་ཞིག་རེད། ལོ་དེར་ཁ་པར་བརྒྱུད་ཁོ་མོ་དང་ད་ལྟའི་བཟའ་ཟླ་པད་མ་དབང་ཆེན་ཐོག་མར་ངོ་ཤེས། ཁོང་གཉིས་པོ་ཕ་ཡུལ་ཆབ་མདོ་ནས་ཡིན་ཞིང་། ཁ་པར་ནས་ངོ་ཤེས་དུས་པད་མ་དབང་ཆེན་རང་གི་ཕ་ཡུལ་དུ་ཡོད་པ་རེད། རིམ་གྱིས་ཁོང་གཉིས་པོའི་བར་ལ་བརྩེ་དུང་གི་མྱུ་གུ་འབུས་ཏེ་དཀའ་སྡུག་ཅི་ཞིག་འཕྲད་རུང་མི་ཚེ་མཐའ་སྐྱེལ་བྱེད་པའི་དམ་བཅའ་བརྟན་པོར་བཞག 2016ལོར་པད་མ་དབང་ཆེན་གྱིས་ཕ་ཡུལ་ནས་ལྷ་སར་ཡོང་སྟེ་ཁ་པར་གྱི་ལམ་ནས་ངོ་ཤེས་པའི་རང་གི་མཛའ་མོ་ཐུག་ཏུ་ཡོང་ཞིང་། རིམ་གྱིས་ལྷ་སར་ལས་གཏོད་བྱ་རྒྱུའི་འཆར་གཞི་བཏིང་། འོན་ཀྱང་། ལས་གཏོད་ཅི་ཞིག་བྱེད་མིན་ཆ་མི་འཚལ་ལ། ད་བར་འགྱུར་མེད་དབང་མོས་བསགས་པའི་དངུལ་གྱིས་ཀུང་སིའི་ནང་དུ་སྡོད་ཁང་ཞིག་ཉོས་པས། ད་ནི་ལས་གཏོད་ལ་མཁོ་བའི་མ་དངུལ་ཡང་གང་ན་ཡོད། ལྷག་པར་དུ་པད་མ་དབང་ཆེན་ཡང་ལྷ་སར་སླེབས་མ་ཐག་ཡིན་པས། ལྷ་སའི་ཁྲོམ་རར་རྒྱུས་མངའ་ཆེན་པོ་མེད་ལ། ལས་གཏོད་ཀྱི་ཉམས་མྱོང་ཡང་གཏན་ནས་མེད་སྟབས། ན་གཞོན་ཁྱོ་ཤུག་གཉིས་པོའི་ངར་ཤུགས་ཀྱིས་ཁེངས་པའི་སྙིང་ཁ་ཚ་མོར་ཆུ་འཁྱག་ཟོམ་གང་བཤོས་པ་ལྟར་རེ་ཞིག་གྲང་ཅང་ཅང་དུ་གྱུར། 

    ལས་གཏོད་ཀྱི་ལམ་བུར་ཞུགས་པར་ལས་སླ་མོ་མེད་པ་ཁོང་གཉིས་པོས་ཤེས་ཀྱི་ཡོད་པས། མ་གཞི་མིག་མདུན་གྱི་ལམ་བུ་སྨུག་སྤྲིན་གྱིས་བསྒྲིབས་ཀྱང་། ཁོང་གཉིས་པོས་ཡིད་ཐང་ཆད་ནས་མ་བསྡད་པར་ལས་གཏོད་ཀྱི་ཁ་ཕྱོགས་གཏན་འཁེལ་ཡོང་ཆེད་ཁྲོམ་རར་རྒྱུས་ལོན་དང་། ལས་གཏོད་པ་གཞན་ལ་སློབ་སྦྱོང་བྱས་ནས་རང་རྒྱུད་ལ་ལས་གཏོད་ཀྱི་ཉམས་མྱོང་གསོག་བཞིན་ཉི་མ་རེ་རེ་བཞིན་ཕར་ལ་བསྐྱལ། གོ་སྐབས་ནི་གྲ་སྒྲིག་ཡོད་མཁན་ལ་དབང་ཞེས་པ་ལྟར། ཐེངས་ཤིག་ཁོང་གཉིས་པོས་རང་གི་སྡོད་ཁང་ལ་མཛེས་བཟོ་ཇི་ལྟར་བྱེད་མིན་མནོ་བསམ་གཏོང་སྐབས། པད་མ་དབང་ཆེན་གྱིས་ས་ཐོག་ཏུ་མཛེས་བཟོའི་འཆར་འགོད་ཅིག་བཟོས་ནས་འཆར་འགོད་དེ་གཞིར་བཟུང་ཁང་པར་མཛེས་རྒྱན་སྤྲས་པས། བསམ་ཡུལ་ལས་འདས་པ་ཞིག་ལ་འགྱུར་མེད་དབང་མོའི་ལག་ནས་ཁང་པ་ཉོ་མཁན་གྱི་འཛད་སྤྱོད་པ་མང་པོས་ཁོ་མོའི་ཁང་པར་མཛེས་བཟོ་དཔེ་གསར་ཅན་དང་ལྟ་སྣང་དོད་པོ་བྱས་ཡོད་པ་མཐོང་སྟེ། མཛེས་བཟོ་བྱེད་མཁན་སུ་ཡིན་མིན་དང་། འཆར་འགོད་བྱེད་མཁན་སུ་ཡིན་མིན་རྩད་བཅད་དེ་ཁོང་ཚོའི་ཁང་པར་ཡང་མཛེས་བཟོ་དེ་འདྲ་བྱེད་འདོད་ཡོད་པའི་སྐོར་བཤད་པས། པད་མ་དབང་ཆེན་གྱིས་ད་གཟོད་དེང་གི་གྲོང་མི་མང་པོས་ཁང་པར་དང་དོད་ཆེན་པོ་བྱེད་པ་དང་། ལྷག་པར་དུ་ཁང་པའི་མཛེས་བཟོ་ལའང་དོ་སྣང་ཤུགས་ཆེན་བྱེད་བཞིན་པ་རྟོགས་ནས། དེ་འཕྲལ་ཆུང་མ་དང་གྲོས་བསྡུར་དང་སྦྲགས། ཁྲོམ་རའི་མདུན་ལྗོངས་བཟང་པོ་དེ་དམ་དུ་བཟུང་ནས་ཚོད་ལྟའི་ཚུལ་དུ་ཁང་པར་མཛེས་བཟོ་བྱེད་མཁན་གྱི་ཀུང་སི་ཞིག་འཛུགས་རྒྱུར་གཏན་འཁེལ་བྱས་ཤིང་། ཀུང་སིའི་མིང་གི་མདུན་དུའང་ཆུང་མའི་མིང་སྦྱར་ཏེ་འགྱུར་མེད་ཁང་པ་མཛེས་བཟོ་ཞེས་བཏགས། པད་མ་དབང་ཆེན་ནི་སེམས་ལ་བསམ་པའི་དོན་དག་ཅི་ཞིག་ཡིན་རུང་དེ་འཕྲལ་ལག་ལེན་ཐོག་འཁྱོལ་བར་བྱེད་མཁན་ཞིག་ཡིན་པས། བཟའ་ཟླའི་ཨ་ཁུར་ཁང་པ་སྒོ་ར་རང་འགྲིག་ཅིག་ཡོད་པ་དེ་གཡར་ནས་ཀུང་སིའི་ལས་གཉེར་ས་ཚིགས་སུ་བྱས་ཏེ་བཟོ་ཚོང་ལས་ཁུངས་སུ་ཐོ་བཀོད་བྱས་ནས། 2016ལོར་འགྱུར་མེད་ཁང་པ་མཛེས་བཟོ་ཀུང་སི་དངོས་སུ་སྒོ་ཕྱེ་ནས་ལས་གཏོད་ཀྱི་འགོ་བརྩམས། 

    ཐོག་མར་ཁོང་གཉིས་པོར་ལས་གཉེར་ལག་ཁྱེར་དང་ཐམ་ག་ཞིག་ལས་གཞན་ཅི་ཡང་མེད་ལ། ཁང་པ་མཛེས་བཟོའི་ཐད་ཀྱི་ཉམས་མྱོང་ཡང་མེད། འོན་ཀྱང་། ཁོང་གཉིས་པོས་དགའ་ཉེ་སྤུན་མཆེད་དང་ལས་རོགས་ཀྱི་ས་ནས་མ་དངུལ་གཡར་ཏེ་འཛད་སྤྱོད་པའི་ཁང་པར་སྟབས་བདེའི་མཛེས་བཟོ་བྱས་ནས་བསྡད། འགྱུར་མེད་དབང་མོས་ཀྱང་རང་དང་རྒྱུས་མངའ་ངེས་ཅན་ཡོད་པའི་སྒོ་ར་གཅིག་ཏུ་འཚོ་བཞིན་པའི་གྲོང་མིའི་འགྲམ་དུ་སོང་སྟེ་ཁང་པར་མཛེས་བཟོ་བྱེད་མཁན་གྱི་འཛད་སྤྱོད་པ་འཚོལ་བ་དང་། པད་མ་དབང་ཆེན་གྱིས་ཀྱང་རང་གིས་ཁང་པར་མཛེས་བཟོ་བྱེད་བཞིན་པའི་གནས་ཚུལ་ངོ་ཤེས་མང་པོར་བརྒྱུད་བསྒྲགས་བྱས་མཐར། 2017ལོར་ཁོང་གཉིས་པོས་སྒོ་ར་གཅིག་པའི་ཁང་པ་30ཙམ་ལ་མཛེས་བཟོ་བྱས་པ་དང་། ཁང་པར་མཛེས་བཟོ་བྱས་པའི་ཡོང་འབབ་སྤྱད་ནས་སྣེའུ་ཁུལ་གསར་དུ་སྨི་ངོས་གྲུ་400ཙམ་གྱི་ཁང་པ་ཞིག་གླས་ནས་བོད་ལུགས་ཟ་ཁང་དབྱིབས་ཅན་གྱི་མཛེས་བཟོ་བྱས་པ་དང་། འཛད་སྤྱོད་པས་སྤྲད་པའི་ཐོག་མའི་གཏོང་སྤྲོད་དངུལ་གྱིས་འཁོར་རྒྱུག་མ་དངུལ་བྱས་ནས་ཀུང་སི་རྒྱ་སྐྱེད་བཏང་། འོན་ཀྱང་། སྐབས་དེ་དུས་འགྱུར་མེད་དབང་མོར་མངལ་འཁོར་བས་ཁྱོ་གའི་ལས་ཀར་ནུས་པ་འདོན་ཐབས་བྲལ་བ་དང་། རང་ཉིད་ཀྱང་ས་ཁང་བདག་ཁོངས་ཀུང་སིར་ལས་ཀར་སྐྱོད་ཐབས་མེད་གཤིས། ལས་གནས་ལས་དགོངས་ཞུ་མ་བྱེད་ཀ་མེད་བྱུང་། 

    2017ལོའི་ཟླ་12པར་ཁོང་བཟའ་ཚོ་གཉིས་པོས་ཡུལ་སྐོར་དང་སྦྲགས། ཁང་པ་མཛེས་བཟོའི་ཐད་ཀྱི་ལག་རྩལ་སྦྱོང་ཆེད་ནང་སར་སློབ་སྦྱོང་བྱེད་པར་བསྐྱོད། ནང་སར་སློབ་སྦྱོང་བྱེད་རིང་ཁོང་གཉིས་པོའི་མཐོང་རྒྱ་ཐོས་རྒྱ་ཇེ་ཆེར་སོང་སྟེ། ཁང་པ་མཛེས་བཟོའི་ཀུང་སི་ཚད་ལྡན་ཞིག་ལ་མཚོན་ན་ངེས་པར་དུ་འཆར་འགོད་པུའུ་དང་། ལས་གྲྭ་པུའུ། ནོར་དོན་པུའུ། རྒྱུ་ཆ་པུའུ། ཕྱིར་ཚོང་པུའུ་སོགས་ཀྱི་སྡེ་ཚན་བཟོས་ནས་ལས་བགོས་ཁ་གསལ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པ་རྟོགས་ཤིང་། ཁང་པར་མཛེས་བཟོ་ཇི་ལྟར་བྱེད་མིན་ཐད་ཀྱི་ལས་ཀའི་བརྒྱུད་རིམ་མང་པོར་རྒྱུས་ལོན་ངེས་ཅན་བྱུང་། 2018ལོར་པད་མ་དབང་ཆེན་གྱིས་ལྷ་སའི་ཅང་སུའུ་ལམ་ཆེན་གྱི་བྱང་དུ་ཐོག་སོ་སུམ་ཐོག་གི་ཁང་པ་ཆེན་པོ་ཞིག་གླས་ནས་མཛེས་བཟོ་བྱས་ཏེ་ཡན་ལག་ཀུང་སི་ཞིག་འཛུགས་རྒྱུའི་སྟ་གོན་བྱས་པ་དང་། མ་གཞི་མ་དངུལ་ཐད་དཀའ་ངལ་ཆེན་པོ་བྱུང་བ་མ་ཟད། ཁྲི་500ཙམ་གྱི་བུ་ལོན་ཡང་ཟུག་མོད། པད་མ་དབང་ཆེན་གྱིས་ཀུང་སིའི་ལས་ཀ་དང་མ་དངུལ་གྱི་དཀའ་ངལ་མཐའ་དག་རང་གཅིག་པུས་ཕྲག་ཏུ་ཁུར་ཏེ། བཟའ་ཟླ་བློ་བདེ་མོའི་ངང་ཕྲུ་གུ་བཙའ་རུ་བཅུག་པ་ལས་ཁོ་མོར་སེམས་ཁྲལ་འཕར་མ་གཏན་ནས་བཟོས་མེད། 

    2019ལོའི་ཟླ་5པར། ཁོང་ཚོས་ད་ལྟའི་རྒྱུན་གཏོད་མཛེས་བཟོ་ཆ་ཚང་ཆེད་ལས་ཁང་དེ་དངོས་སུ་སྒོ་ཕྱེ་བ་དང་། མ་གཞི་བྱས་ན་ཀུང་སི་དེ་ཉིད་འགྱུར་མེད་ཁང་པ་མཛེས་བཟོ་ཀུང་སིའི་ཡན་ལག་ཀུང་སི་ཞིག་ཡིན་མོད། འཛད་སྤྱོད་པ་ཕལ་མོ་ཆེ་ད་ལྟའི་རྒྱུན་གཏོད་མཛེས་བཟོ་ཆ་ཚང་ཆེད་ལས་ཁང་དུ་ཡོང་གི་ཡོད་པས། ཁོང་གཉིས་པོས་ད་གཟོད་སྣེའུ་ཁུལ་གསར་དུ་བཙུགས་པའི་འགྱུར་མེད་ཁང་པ་མཛེས་བཟོ་ཀུང་སི་གཉེར་མཚམས་བཞག་སྟེ། རྒྱུན་གཏོད་མཛེས་བཟོ་ཆ་ཚང་ཆེད་ལས་ཁང་དུ་ནང་ས་ནས་འཆར་འགོད་པ་མང་པོ་གདན་དྲངས་པ་དང་སློབ་ཆེན་ནས་སློབ་མཐར་ཕྱིན་པའི་ལས་མི་མང་པོ་བསྡུས་ནས། ཆེད་ལས་ཅན་དང་། ཚད་ལྡན་ཅན་གྱི་རྣམ་པའི་ཐོག་ནས་ཀུང་སི་གཉེར་འགོ་ཚུགས་པ་རེད། ཀུང་སིས་ཐོག་མཐའ་བར་གསུམ་དུ་དྲང་བདེན་གཙོ་བོ་དང་། ཞབས་ཞུ་གཙོ་བོ། སྤུས་ཚད་ལ་བརྟེན་ནས་འཚོ་གནས་བྱེད་པའི་འདུ་ཤེས་ཀྱི་ཐོག་ནས་ལས་གཉེར་བྱས་པ་བརྒྱུད། ད་ལྟ་ཀུང་སིར་ཁྱོན་ལས་མི་200ལྷག་ཙམ་ཡོད་ཅིང་། དེའི་ཁྲོད་མང་ཆེ་བ་ནི་སློབ་ཆེན་སློབ་ཐོན་སློབ་མ་ཡིན་པ་རེད། འགྱུར་མེད་དབང་མོས། ངས་སློབ་ཆེན་སློབ་མ་མང་པོ་བསྡུས་ནས་ཁོང་ཚོར་ལས་གནས་མཁོ་འདོན་བྱེད་རྒྱུར་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། སློབ་ཆེན་སློབ་མ་མང་པོར་རིག་གནས་ཆུ་ཚད་ཡོད་ཀྱང་། ལས་ཀའི་ཉམས་མྱོང་མང་པོ་མེད་པས། ཁོང་ཚོས་ངའི་ཀུང་སིར་ལག་རྩལ་སློབ་སྦྱོང་བྱེད་ཆོག་ལ། ཚོང་རྒྱག་སྟངས་དང་། འཆར་འགོད་བྱེད་སྟངས་ཀྱང་སྦྱངས་ཆོག ཁོང་ཚོ་ཐོག་མར་གློག་སྒུལ་སྦག་སྦག་ལ་བཞོན་ནས་འདི་གར་ལས་ཀར་ཡོང་གི་ཡོད་མོད། ད་ལྟ་མང་ཆེ་བས་རླངས་འཁོར་བཏང་ནས་ལས་ཀར་ཡོང་གི་ཡོད་པ་དང་། འགའ་རེས་ད་དུང་ལྷ་སར་ཁང་པའང་ཉོས་ཚར་འདུག་ཅེས་དགའ་ཚོར་ཆེན་པོས་བརྗོད། 

    ད་ལྟ་ཀུང་སི་དེ་གར་སྨི་ངོས་གྲུ་5000ཙམ་གྱི་རྒྱུ་ཆ་འགྲེམས་སྟོན་ཁང་དང་། ཆེད་ལས་ལག་རྩལ་མི་སྣ་མང་པོ་ཡོད་ལ། ཁང་པ་མཛེས་བཟོའི་ཐད་མཁོ་བའི་རྒྱུ་ཆའི་སྤུས་ཚད་སྣ་མང་ཅན་དང་དཔེ་ལྟ་ས་མང་པོ་ཡོད་པས་ཁང་བདག་གི་འདོད་བློ་གང་འདོད་སྐོང་བཞིན་ཡོད་ཅིང་། དེ་གར་ཉིན་ལྟར་སྐུ་མགྲོན་རྒྱུན་ཆད་ཀྱི་མེད་པ་དང་། ཟླ་བ་གཅིག་ལ་འགྲོ་སོང་སྒོར་ཁྲི་200ལྷག་འགྲོ་ཡི་ཡོད་པ་རེད། མ་གཞི་ཡོང་འབབ་འགྲིག་ཙམ་ཡོད་མོད། ཟླ་བ་རེ་རེར་སྒོར་ཁྲི་200ལྷག་གི་འགྲོ་སོང་གཏོང་དགོས་པ་དྲན་དུས། ན་སོ་ཕྲ་བའི་བཟའ་ཚོ་གཉིས་པོར་སེམས་ཁྲལ་ཆེན་པོ་ཡོད་པ་སྨོས་མི་དགོས། འོན་ཀྱང་། ཁོང་གཉིས་པོས་དཀའ་ངལ་མཐའ་དག་འཛུམ་གྱིས་བསུས་ཏེ་སེམས་ཤུགས་ཡོད་རྒུ་གཅིག་ཏུ་བཏོན་ནས་བརྩོན་པ་ཆུ་མོའི་རྒྱུན་བཞིན་བསྟེན་མཐར། ད་ལྟ་ཁོང་གཉིས་པོའི་ཀུང་སི་ལྷ་སའི་ཁང་པ་མཛེས་བཟོ་ཀུང་སིའི་ཁྲོད་གཟེངས་སུ་ཐོན་པའི་ཀུང་སི་ཞིག་ཏུ་གྱུར་ཡོད་པ་རེད། དེ་དག་ཐམས་ཅད་ནི་ན་གཞོན་ཁྱོ་ཤུག་གཉིས་པོས་གོམ་པ་རེ་རེས་རྐང་རྗེས་རེ་རེའི་ཤུལ་དུ་བཞག་སྟེ་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་བྱུང་བ་ཞིག་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་རྡོག་རྩ་གཅིག་སྒྲིལ་བྱས་པའི་འབྲས་བུ་ཡིན་པ་མ་ཟད། ལས་གཏོད་ཀྱི་སྲིད་ཇུས་བཟང་པོ་དང་། ལས་གཏོད་ཀྱི་ཁོར་ཡུག་བཟང་པོའི་བཀའ་དྲིན་དང་ཡང་བྲལ་ཐབས་མེད། ཁོང་གཉིས་པོས་དུས་ཡུན་ཐུང་ཐུང་ནང་དུ་ལས་གཏོད་ལ་ཞུགས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་དེ་འདྲ་ཐོབ་པ་ནི་སྐྱེ་བོ་ཕལ་པའི་བསམ་ཚོད་ལས་འདས་པ་ཞིག་ཡིན་པས། གྲུབ་འབྲས་དེ་དག་གི་ལྟག་རྒྱབ་ཏུ་ཁོང་གཉིས་པོས་དཀའ་སྤྱད་ཀྱི་རྔུལ་ཆུ་ཇི་ཙམ་བཞུར་ཡོད་པའང་ངང་གིས་རྟོགས་ཐུབ། དེ་བས་ཀྱང་། ཁོང་གཉིས་པོས་སྤྱི་ཚོགས་ལ་སྲི་ཞུ་སྒྲུབ་པའི་འགན་འཁྲི་རླབས་པོ་ཆེ་ཕྲག་ཏུ་བླངས་ནས། སློབ་ཆེན་སློབ་མ་མང་པོར་ལས་གནས་མཁོ་འདོན་བྱས་པ་དང་། སྔ་ཕྱིར་སློབ་མ་མང་པོར་རིན་ཐང་སྒོར་ཁྲི་10ལྷག་རི་བའི་སློབ་སྦྱོང་གི་མཁོ་ཆས་ཞལ་འདེབས་སུ་ཕུལ་བ་མ་ཟད། རྒན་གསོ་ཁང་གི་རྒན་རྒོན་མང་པོར་ཁམས་བདེའི་འཚམས་འདྲི་ཞུ་བར་བསྐྱོད་ནས། ཁོང་ཚོར་བྱམས་བརྩེའི་དྲོ་སྐྱིད་ཚོར་ཐབས་བྱས་ཡོད། དེ་ནི་ཁོང་གཉིས་པོའི་ཐོག་མའི་བསམ་འདུན་ཏེ། ལག་གདང་དཔུང་སྦྲེལ་ངང་ལས་གཏོད་ཀྱི་ལམ་བུར་ཞུགས་ནས་བརྩེ་སེམས་དང་དྲོད་ཁོལ་གྱིས་དེ་བས་མང་བའི་མི་ལ་ཕན་པ་སྩོལ་རྒྱུ་དེའོ།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།