[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས།

    མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་དང་གནོད་འཚེ་གཏོང་བའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པའི་ཁག་དང་པོའི་ལས་དོན་གྲུབ་འབྲས་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-18

    ཉིན་ཤས་གོང་། རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཆུ་བེད་ཐིང་དང་། ཁྲོམ་ར་ལྟ་འདོམས་ཅུས། སྤྱི་བདེ་ཐིང་། སློབ་གསོ་ཐིང་། ཞིང་ལས་གྲོང་གསེབ་ཐིང་། སྣོད་བཅུད་ཁོར་ཡུག་ཐིང་སོགས་སྡེ་ཚན་ཁག་དང་མཉམ་དུ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད་ཀྱི་མང་ཚོགས་ཀྱི་ཁེ་ཕན་ལ་སྣང་ཆུང་དང་གནོད་འཚེ་གཏོང་བའི་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱས་པའི་ཁག་དང་པོའི་ལས་དོན་གྲུབ་འབྲས་ཡོངས་བསྒྲགས་བྱས་པ་རེད།

    དེ་དག་ནི་མང་ཚོགས་ཚོས་ཚུར་སྣང་ལན་ཆ་ཆེ་བའི་སྣོད་བཅུད་གཏོར་བཤིག་དང་ཁོར་ཡུག་སྦགས་བཙོག་ལ་དོ་ཁུར་མི་བྱེད་པ་དང་དག་ཐེར་ལ་ཁྲལ་སེལ་བྱེད་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད། ས་ཁུལ་དང་གྲོང་ཁྱེར་ཁག་དང་། སྡེ་ཚན་ཁག་སྒྲིག་འཛུགས་བྱས་ཏེ། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་སྒྲུབ་རྒྱུར་སྤྲད་པའི་གནད་དོན་དང་། དེ་བཞིན་གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་། ཆུ་བེད་དང་ཆུ་གློག གྲོང་ཁྱེར་དང་གྲོང་རྡལ་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་སྣོད་བཅུད་ཁོར་ཡུག་གི་གནད་དོན་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ། ལྐོག་ཞིབ་ཚོགས་ཆུང་3སྒྲིག་འཛུགས་བྱས་ནས་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི། ནག་ཆུ་སོགས་སུ་ས་གནས་ས་ཐོག་གིས་ཞིབ་བཤེར་བྱས་པ་དང་། ཀྲུང་དབྱང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང་གིས་སྒྲུབ་རྒྱུར་སྤྲད་པའི་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་གནད་དོན་དག་ཐེར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུའི་ཐད་དག་ཐེར་ཕྱོགས་ཡོངས་ནས་དོན་འཁྱོལ་ཐུབ་མེད་རིགས་ལ་སྒྲུབ་རྒྱུར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ཞིང་། མིག་སྔར་གནད་དོན་4ཕྱོགས་ཡོངས་ནས་སྒྲུབ་གཉེར་བྱས་པ་དང་གནད་དོན་7གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

    མི་འབོར་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད། ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཏེ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་པ་དང་། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དབུལ་སྒྲོལ་འགག་སྒྲོལ་གྱི“ཕྱིར་མིག་ལྟ་བའི”གྲལ་བཤེར་ཆེ་མོ་སྒྲིག་འཛུགས་བྱས་ཏེ་སྤེལ་བ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དོ་དམ་འགན་འཁྲིའི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ཁྲི་3.23གྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཚང་མ་ཐག་གཅོད་བྱས་ཡོད་པ་རེད།

    གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྒྲིག་ཆས་ཀྱི་འཁྱག་འགོག་དྲོད་སྲུང་དང་ཉམས་གསོ་བདག་སྐྱོང་གི་གནད་དོན་ཐག་གཅོད་བྱ་རྒྱུའི་ཐད། གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྒྲིག་ཆས་ཀྱི་འཁྱག་འགོག་དྲོད་སྲུང་ལག་རྩལ་གྱི་མཛུབ་ཁྲིད་བསམ་འཆར་བཀྲམ་སྟེ། ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ཞིང་། 2019ལོར་ལྗོངས་ཡོངས་སུ་སྒོར་ཁྲི་5169དོན་འཁྱོལ་བྱས་ཏེ། གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྒྲིག་ཆས་2691ལ་རྒྱུན་གཏན་གྱི་ཉམས་གསོ་བདག་སྐྱོང་བྱས་པ་དང་། ཉམས་གསོ་བདག་སྐྱོང་ཡག་པོ་མ་བྱུང་རྐྱེན་རྒྱུན་གཏན་ལྟར་ཆུ་མཁོ་འདོན་བྱེད་མི་ཐུབ་པའི་གྲོང་གསེབ་ཀྱི་འཐུང་ཆུའི་ལས་གྲྭ་ཁག་140ཉམས་གསོ་བྱས་པར་ཁག་125ལེགས་སྒྲུབ་ཟིན་པ་དང་། ལྷག་མ་15རྣམས་ཟླ་11པའི་ཟླ་མཇུག་ཏུ་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཟིན་པ་བྱ་རྒྱུ་ཡིན་པ་རེད།

    གཙང་པོ་དང་མཚེའུ་གང་བྱུང་དུ་བཟུང་བ་དང་། གང་བྱུང་དུ་སྤྱོད་པ། གད་སྙིགས་གང་བྱུང་དུ་སྤུངས་པ། གང་བྱུང་དུ་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གནད་དོན་ཡོ་བསྲང་བྱ་རྒྱུའི་ཐད། 《གཙང་པོ་དང་མཚེའུ་ཡི་རྒྱུད་ཀྱི“གང་བྱུང་བཞིའི”མངོན་གསལ་དོད་པའི་གནད་དོན་ཡོ་བསྲང་དང་ཆེད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ལྗོངས་ཆུ་བེད་ཐིང་གི་ལག་བསྟར་ཇུས་གཞི》བཟོས་ཏེ། མངོན་ཞིབ་ལྐོག་བཤེར་དང་། ཕྱོགས་གསུམ་པར་ཞིབ་བཤེར་བྱ་རྒྱུའི་མངགས་བཅོལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ས་ཁུལ་དང་གྲོང་ཁྱེར་ཁག་གི་གཙང་པོ་དང་མཚེའུ་ཡི“གང་བྱུང་བཞིའི”གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་ནས་དག་ཐེར་བརྡ་ཐོ་21དང་། ལྟ་སྐུལ་སྒྲུབ་གཉེར་ཤོག་བྱང་6 ལྟ་སྐུལ་སྒྲུབ་གཉེར་བཀའ་རྒྱ་2བཅས་བཏང་བ་དང་། གཙང་པོ་དང་མཚེའུ་ཡི“གང་བྱུང་བཞིའི”གནད་དོན་18གྲལ་བཤེར་བྱེད་པའི་ཁྲོད་མིག་སྔར་གནད་དོན་13དག་ཐེར་བྱས་ཡོད་པ་རེད།

    བཟའ་བཅའི་བདེ་འཇགས་ཀྱི་གནད་དོན་བཅོས་སྒྲིག་བྱ་རྒྱུའི་ཐད། བཟའ་བཅའི་བདེ་འཇགས་གནད་དོན་བཅོས་སྒྲིག་གི་མཉམ་འབྲེལ་བྱ་སྤྱོད་ལས་དོན་ཚོགས་ཆུང་བཙུགས་ཏེ། ལྗོངས་ཡོངས་ཀྱི་འབྲེལ་ཡོད་ཚན་པ་སྒྲིག་འཛུགས་བྱས་ནས་བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པོ་སྣ་ཚོགས་14338ལ་ཞིབ་བཤེར་བྱས་ནས། གནད་དོན་260ཞིབ་བཤེར་ཐག་གཅོད་བྱས་པ་དང་། གནད་དོན་536ལ་དག་ཐེར་བྱ་རྒྱུའི་བཀའ་བཏང་ཡོད། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཞོར་ཁྲོམ་ར་དང་། སྔོ་ཚལ་འདེབས་འཛུགས་རྟེན་གཞི། ཕག་ཤ་དང་ལུག་ཤའི་འཁྱགས་ཤའི་མཛོད་སོགས་114ལ་མཐིལ་རྟོགས་བྱས་པ་དང་། སྒོ་རྩིས་ཚོང་ཁང་491དང་། བཤས་ར21 བཟའ་འཐུང་ལས་རིགས་697 ཚལ་ཚོང་ཁང་469བཅས་ལ་ཞིབ་བཤེར་བྱས་ཏེ། མི་དམངས་ཤོག་སྒོར་ཁྲི་0.5ཙམ་རི་བའི་དུས་ཚོད་ཡོལ་བ་དང་སྤུས་ཀ་ཞན་པའི་སྒོ་ཕྱུགས་དང་། ཁྱིམ་བྱ། ཆུའི་ཐོན་རྫས་བཅས་སྣ་ཁ་32གཞུང་བཞེས་བཏང་བ་དང་། དག་ཐེར་བྱེད་དགོས་པའི་བརྡ་ཐོ་ཐེངས་3བཏང་བ། དུས་ཚོད་ཡོལ་བའི་འཐུང་བྱ་དང་། སྟབས་བདེའི་ཐུག་པ། ཕག་ཤ་བསྙལ་མའི་རྒྱུ་མ། སྦི་རག་སོགས་བཟའ་བཅའ་སྒམ་17གཞུང་བཞེས་བཏང་སྟེ་མེད་པར་བཟོས་པ། ཚད་གཞི་མ་ལོན་པའི་ཕག་ཤ་སྤྱི་རྒྱ་650གཅིག་སྡུད་ཐོག་མེད་པར་བཟོས་པ། ལག་ཁྱེར་མེད་པའི་བཟོ་ཁང་2ཞིབ་བཤེར་ཐག་གཅོད་བྱས་པ། ཐོ་བཀོད་སྤུས་རྟགས་རྫུས་མ་བཟོ་བའི་གྱོད་གཞི་3རྩད་ཆོད་དེ་མི་9ཉེས་དོན་བཀག་ཉར་བྱས་པར་གྱོད་འབྲེལ་རིན་ཐང་སྒོར་ཁྲི་161ཟིན་ཡོད། ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་བཟའ་བཅའི་གྱོད་གཞི་169སྒྲུབ་སྟེ་གྱོད་གཞི་96ཐོ་བཀོད་བྱས་པ་དང་། གྱོད་གཞི་1སྤྱི་བདེ་ལས་ཁུངས་ལ་རྩིས་ཞུ་བྱས་པ། ཉེས་ཆད་སྒོར་ཁྲི་150.6549བཏང་བ་དང་། ཁྲིམས་འགལ་ངང་ཐོབ་པའི་དངུལ་སྒོར་ཁྲི་0.82གཞུང་བཞེས་བཏང་བ། ཐོན་སྐྱེད་ཁེ་ལས་9ཐོན་སྐྱེད་དང་ལས་གཉེར་བྱེད་མཚམས་འཇོག་རྒྱུའི་བཀའ་བཏང་བ། བཟའ་བཅའ་གཉེར་སྐྱོང་ཚན་པའི་འགན་འཁུར་བ་6བསྐོང་འདྲི་བྱས་པ། དག་ཐེར་བྱེད་དགོས་པའི་བརྡ་ཐོ་ཐེངས་73བཏང་བ་བཅས་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།