[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ཀྱིས《རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》བཀྲམ་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-14

    ཉིན་ཤས་གོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། ལྗོངས་མི་སྤྱི་ཐིང་། ལྗོངས་ནོར་སྲིད་ཐིང་། ལྗོངས་རིག་གནས་ཐིང་བཅས་ཀྱིས《རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་འཛུགས་སྐྲུན་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》(གཤམ་ལ《ཞིབ་སྲོལ》ཞེས་བསྡུ་རྒྱུ)མཉམ་དུ་བཀྲམ་པ་རེད།

    《ཞིབ་སྲོལ》ནང་རྫོང(ཆུས)གི་སྒྱུ་རྩལ་ཚོགས་པ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་རིག་གནས་དང་འཚོ་བའི་དགོས་མཁོ་སྐོང་བའི་རྐང་འཛིན་དཔུང་ཁག་ཅིག་དང་། གོང་བུ་སྒྲིལ་ཤུགས་དང་སྣེ་ཁྲིད་ནུས་པ་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པའི་སྟོབས་ཤུགས་གལ་ཆེན་ཞིག ཏང་གི་འགོ་ཁྲིད་འོག་གི་གསར་བརྗེའི་རིག་རྩལ་རྟ་དམག་ཅིག་བཅས་རེད། རྫོང(ཆུས)གི་སྒྱུ་རྩལ་ཚོགས་པའི་ལས་འགན་གཙོ་བོ་ནི་གཞི་རིམ་གྱི་མང་ཚོགས་ལ་ཕྱོགས་ནས་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་དྲིལ་བསྒྲགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་པའི་སྤྱི་པའི་རིག་གནས་ཞབས་ཞུ་མཁོ་འདོན་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དེ་རེད་ཅེས་བསྟན་ཡོད།

    《ཞིབ་སྲོལ》ནང་། རྫོང(ཆུས)སྒྱུ་རྩལ་ཚོགས་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ནང་སོག་རང་སྐྱོང་ལྗོངས་སུའུ་ཉི་ཐེ་ཡིའུ་ཆི་ཨུ་ལན་མུའུ་ཆིའི་རུ་མི་ཚོར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ། རིག་རྩལ་ལས་དོན་ལ་ཏང་གིས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། “ཆེད་དུ་གཉིས”ཀྱི་ཁ་ཕྱོགས་དང“བརྒྱ་གཉིས”ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་པ། གསར་སྐྲུན་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། འཚོ་བར་ཟབ་འཇུག་དང་མི་དམངས་ལ་གཞིས་ཚུགས་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་དེ་བས་མང་བ་འཁྲབ་སྟོན་དང་གསར་རྩོམ་བྱས་ཏེ་མཛེས་སྡུག་ལྡན་པའི་བསམ་བློའི་རིག་གནས་དང་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་དགོས་པའི་ནན་བཤད་བྱས་ཡོད།

    《ཞིབ་སྲོལ》ནང་། སྤྱིའི་རྩ་དོན་དང་། འགན་འཁྲི། དཔུང་ཁག འགན་ལེན། དཔྱད་ཞིབ། ཞར་བྱུང་དོན་ཚན་བཅས་ཚུད་ཡོད། རྫོང(ཆུས)སྒྱུ་རྩལ་ཚོགས་པའི་ནུས་པ་གལ་ཆེན་དང་། འགན་འཁྲི་དང་ལས་འགན། མི་སྣ་གདན་ཞུ། དཔུང་ཁག་དོ་དམ་དང་གླ་ཆ་འགན་ལེན། དོ་དམ་དཔྱད་ཞིབ་སོགས་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

    《ཞིབ་སྲོལ》ནང་། རྫོང(ཆུས)སྒྱུ་རྩལ་ཚོགས་པ་དེ་རྫོང(ཆུས)ཨུད་དྲིལ་བསྒྲགས་པུས་འགོ་ཁྲིད་བྱེད་པ་དང་། རྫོང(ཆུས)རིག་གནས་གཙོ་གཉེར་དོ་དམ་སྡེ་ཚན་གྱིས་དོ་དམ་བྱས་ཏེ་སྤྱི་ཚོགས་ཀྱི་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་ཐོག་ནས་འཁོར་སྐྱོད་བྱེད་པའི་སྤྱི་ཕན་རང་བཞིན་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་རྩ་འཛུགས་ཤིག་ཡིན་པས་དྲིལ་བསྒྲགས་དང་། འཁྲབ་སྟོན། གསར་རྩོམ། རྒྱུན་འཛིན། ཟུར་ཁྲིད། སྤེལ་རེས་སོགས་ཀྱི་འགན་འཁྲི་འཁུར་དགོས་ཞེས་གསལ་སྟོན་བྱས་ཡོད།

    《ཞིབ་སྲོལ》ནང་རྫོང(ཆུས)སྒྱུ་རྩལ་ཚོགས་པ་རེས་ལོ་ལྟར་གཞི་རིམ་མང་ཚོགས་ལ་ཕྱོགས་ནས་འཁྲབ་སྟོན་ཐེངས་60ལྷག་ཙམ་བྱས་ཏེ་རྫོང(ཆུས)དེ་གའི་སྲིད་འཛིན་གྲོང་ཚོ(གྲོང་ལྷན)ཚང་མར་ཁྱབ་པའི་འགན་ལེན་བྱེད་དགོས། འཁྲབ་སྟོན་ལེ་ཚན་གྱི་བརྗོད་དོན་ཁ་གསལ་བ་དང་། ནང་དོན་སྐྱོན་བྲལ། མཐོང་འདོད་ལ་ཉན་སྤྲོ་བ། སྣ་མང་ཕུན་སུམ་ཚོགས་པ་བཅས་དགོས། གྲུབ་འབྲས་ཕུལ་བྱུང་དང་ལེགས་སྐྱེས་མངོན་གསལ་དོད་རིགས་ལ་བྱ་དགའ་སྤྲོད་རྒྱུ་དང་། གཏན་འཁེལ་གྱི་འཁྲབ་སྟོན་ལས་འགན་ལེགས་འགྲུབ་མ་བྱུང་རིགས་ལ་དེ་མཚུངས་ཀྱི་འཁྲབ་སྟོན་གྱི་ཁ་གསབ་ཆེད་དངུལ་འཐེན་རྒྱུ་མ་ཟད། དག་ཐེར་བྱེད་དགོས་པའི་བཀའ་ཡང་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རིང་ཆོས་སྒྲོན།