[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དཔྱིད་ཀྱི་སྦྲང་ཆར་ཟིམ་མས་སེམས་ཀྱི་ཞིང་ས་བརླན།

    —— མངའ་རིས་ས་ཁུལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་སྐོར་གྱི་ཟུར་བྲིས།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-08

    ལོ་གཅིག་དུས་གཅིག་གི་འབྲོག་ཁུལ་གྱི་རྩྭ་རྔ་བའི་དུས་ཚིགས་སླར་ཡང་སླེབས་ཤིང་། དྲོ་འཇམ་ཉི་འོད་མཚོ་ཆེན་རྫོང་མཚེ་རི་ཤང་སྟོབས་ཆེན་གྲོང་ཚོའི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་འཕྲོས། མངའ་རིས་ས་ཁུལ་གྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྔོན་ཐོན་བྱས་རྗེས་གྲོང་ཚོ་དང་དུད་ཚང་དུ་སྒྲོག་འགྲེལ་བྱེད་པའི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་གྲོང་ཚོར་སླེབས་པའི་སྐོར་ཐོས་སྐབས། གྲོང་ཚོ་ཡོངས་ཀྱི་མང་ཚོགས་བརྒྱ་ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ་དང་ས་ཨུད་དྲིལ་བསྒྲགས་པུའི་པུའུ་ཨུད་ལས་དོན་ཨུ་ཡོན་རྒོད་སྐྱེས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”དཔེ་མཚོན་སྒྲོག་འགྲེལ་ཉན་པར་སླེབས།

    “རྩྭ་མདའ་རྫོང་རབ་རྒྱས་གྲོང་ཚོའི་ཚེ་རིང་ལྷ་མོ་ལོ་རིམ་གསུམ་པའི་སྐབས། སྟབས་མ་ལེགས་པར་བརྒྱལ་གཟེར་གྱི་ནད་ཕོག་པ་རེད། འོན་ཀྱང་སྤུན་མཆེད་ཀྱི་རོགས་རམ་དང་རང་ཉིད་ཀྱིས་འབད་བརྩོན་ལྷོད་མེད་བརྒྱུད། རང་ཁྱིམ་གྱིས་གཉེར་བའི་ཚོང་ཁང་གཉེར་སྐྱོང་ཡག་པོ་བྱས་པ་མ་ཟད། མིག་གཉིས་ལོང་བའི་ཨ་ཁུ་ཁྱིམ་ལ་བསུས་ཏེ་ལྟ་སྐྱོང་ཡང་བྱས་པ་རེད། ད་ཆ་ཁོང་གིས་བོད་ཡིག་དང་རྒྱ་ཡིག་རང་སྦྱོང་བྱས་ནས་མ་འོངས་པར་སློབ་གྲྭ་ཆེ་མོར་ཡིག་རྒྱུགས་གཏོང་རྩིས་ཡོད། བརྩོན་འགྲུས་དང་། ཏན་ཏིག རྒན་རྒོན་ལ་བསྙེན་བཀུར་བཅས་ཀྱི་བྱིས་པ་འདི་ལྟ་བུ་ནི་ང་ཚོ་ཚང་མའི་མིག་དཔེ་རེད”ཅེས་རྒོད་སྐྱེས་ཀྱིས་སྒྲོག་འགྲེལ་བྱེད་སྐབས་གོ་བདེ་ཤེས་སླའི་སྐད་ཆ་སྤྱད་དེ་གསོན་ཉམས་དོད་པོས་མང་ཚོགས་ཉེ་འགྲམ་གྱི་མི་སྣའི་གཏམ་རྒྱུད་དང་གནས་ཚུལ་གསལ་འགྲེལ་བྱེད་བཞིན་མཆིས།

    རང་མགོ་རང་ཐོན་དང་། རང་བཀུར་རང་གཅེས། སྲི་ཞུ་སེམས་བཟང་བཅས་ཀྱི་ཚེ་རིང་ལྷ་མོའི་སྙིང་སྟོབས་ཀྱི་སྒྲོག་འགྲེལ་ཉན་བཞིན་པའི་མང་ཚོགས་རྣམས་སེམས་འགུལ་ཆེན་པོ་ཐེབས་ནས་མི་ཚོགས་ཀྱི་ཁྲོད་དུ་དགའ་བསུ་ཞུ་བའི་སྒྲ་ཡང་ཡང་གྲགས།

    ཆེད་མངགས་རྫོང་གྲོང་ནས་སྒྲོག་འགྲེལ་ཉན་པར་སླེབས་པའི་མཚོ་ཆེན་གྲོང་རྡལ་སྟག་གདོང་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཚེ་ནོར་གྱིས“སྒྲོག་འགྲེལ་འདི་ལྟ་བུ་ནི་ང་ཚོ་འབྲོག་ཁུལ་མི་སེར་གྱི་དོན་དངོས་འཚོ་བ་དང་ཟུང་འབྲེལ་བྱས་པ་ཞིག་ཡིན་པ་ལས་ཡིག་ཆ་ཇི་མ་ཇི་བཞིན་ཀློག་པ་ཞིག་རེད་མི་འདུག སྒྲོག་འགྲེལ་བྱེད་རིང་བྱིས་པའི་སློབ་གསོ་དང་། རྒན་རྒོན་ལ་བསྙེན་བཀུར། གཉེན་སྒྲིག དེ་བཞིན་དངུལ་གང་བྱུང་དུ་གཏོར་བ་སོགས་ཀྱི་གནད་དོན་གསལ་འགྲེལ་བྱས་པ་དང་། དེ་དག་ཚང་མ་ནི་མི་སེར་ཚོའི་འཚོ་བ་དང་འབྲེལ་བ་ཡོད་པའི་གནད་དོན་ཤ་སྟག་རེད་ལ། གསོན་ཉམས་དོད་པོས་འགྲེལ་བཤད་བྱེད་ཀྱི་འདུག་པས་ཚང་མས་ཉན་འདོད་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག”ཅེས་བརྗོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་ལོ་ལྟར་སྟོབས་ཤུགས་ཧྲག་པོ་བཀོད་སྒྲིག་བྱས་ཏེ་སྒྲོག་འགྲེལ་ཚོགས་པ་བཙུགས་ནས། རྫོང་ཁག་ཏུ་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པར་སྐྱོད་ཀྱི་ཡོད་ཅིང་། འདི་ལོའི་སྒྲོག་འགྲེལ་བྱེད་རིང་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་དཔེ་མཚོན་དངོས་འདྲེན་པར་དེ་བས་མཐོང་ཆེན་གྱིས་སྔོན་ཐོན་བྱས་རྗེས་སྒར་རྫོང་གི་ཉི་སྐྱིད་ལྷ་མོ་དང་། སྤུ་ཧྲེང་རྫོང་གི་པད་མ་ཚེ་དབང་། རྩྭ་མདའ་རྫོང་གི་ཚེ་རིང་ལྷ་མོ་སོགས་ཀྱི་དཔེ་མཚོན་གཏམ་རྒྱུད་བརྗོད་པ་བརྒྱུད། ཤུགས་རྐྱེན་ཐེབས་པ་མ་ཟད“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་དོན་འཁྱོལ་དང་མང་ཚོགས་ཀྱི་སེམས་སུ་རྩ་བ་ཚུགས་ཏེ་མྱུ་གུ་འབུས་ནས་ཏང་གི་གསུང་སྒྲ་མང་ཚོགས་ཚོའི་སེམས་སུ་བརྒྱུད་སྤྲོད་ཐུབ་པ་དང་མང་ཚོགས་ཚོར་ཡང་དག་པའི་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་འཛུགས་པར་ཁྲིད་སྟོན་བྱས་ཡོད།

    ད་ཐེངས་སྒྲོག་འགྲེལ་ཚོགས་པ་སེང་གེ་ཁ་འབབ་གྲོང་རྡལ་ནས་ཐོན་ཏེ་ལམ་ཐག་སྤྱི་ལེ་2000ལྷག་ཙམ་བསྐྱོད་པ་དང་། སྒྲོག་འགྲེལ་ཁྱབ་ཁོངས་སུ་མཚོ་ཆེན་རྫོང་གི་གྲོང་ཚོ(གྲོང་ལྷན)22ཚང་མར་ཁྱབ་པ་དང་མང་ཚོགས་3000ཙམ་ཞུགས་ཡོད།

    “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཚོགས་པས་མང་ཚོགས་ཚོར་ཏང་གི་གསུང་སྒྲ་དང་། དམངས་ཕན་སྲིད་ཇུས། གཏམ་རྒྱུད་རེ་རེ་བཅས་སྒྲོག་འགྲེལ་བྱས་པ་མ་ཟད། རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མང་ཚོགས་ཚོར་དྲོ་སྐྱིད་ཀྱང་བྱིན་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།