[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ཚར་དུས་མེད་པའི་རྩད་གཅོད་ཀྱི་བགྲོད་ལམ་རིང་མོ།

    —— ཁྲོན་བོད་གཞུང་ལམ་ཐོག་གི་མིང་མེད་སྔོན་གཤེགས་དཔའ་བོ་ཞིག་རྩད་བཅད་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-07

    བོད་ལྗོངས་ཆབ་མདོའི་རྒྱལ་མོ་རྔུལ་ཆུ་ནི་རང་བྱུང་གི་འགག་རོང་བཙན་པོ་ཞིག་ཡིན་ཞིང་། གཙང་འགྲམ་དུ་ཁེར་རྐྱང་ངང་འགྱིང་ངེར་གནས་པའི་ཐུན་མོང་མ་ཡིན་པའི་ཟམ་གདན་དེ་ནི་དཔའ་ངར་ཆེན་པོས་བཅའ་སྲུང་བྱེད་པའི་འཐབ་འཛིང་པ་ཞིག་དང་གཉིས་སུ་མེད།

    2018ལོར། རྒྱལ་མོ་རྔུལ་ཆུའི་ཟམ་པ་གསར་པ་གསུམ་པ་ཤར་གཏོང་ཐུབ་རྗེས། ལོ་60ལྷག་ཙམ་གྱི་གོང་དུ་བསྐྲུན་པའི་རྒྱལ་མོ་རྔུལ་ཆུའི་ཟམ་པ་རྙིང་པ་བཤིག་པ་རེད། ཡིན་ན་ཡང་ཅིའི་ཕྱིར་ཟམ་གདན་འདི་ཁོ་ན་རང་སོར་བཞག་པ་ཡིན་ནམ།

    ས་གནས་དེ་གའི་མི་རྣམས་ཀྱིས་བརྗོད་པ་ལྟར་ན། ཟམ་གདན་དེའི་ནང་དུ་འཐབ་འཛིང་པ་ཞིག་གི་སྐུ་ཕུང་ཡོད་སྟབས། སྔོན་གཤེགས་དཔའ་བོ་དེར་རྗེས་དྲན་ཞུ་ཆེད། ཐུན་མོང་མ་ཡིན་པའི་ཟམ་གདན་དེ་རང་སོར་བཞག་པ་རེད་ཟེར།

    འོ་ན། འཐབ་འཛིང་པ་དེ་ནི་སུ་ཞིག་ཡིན་ནམ། སྐབས་དེར་དོན་དག་ཅི་ཞིག་ཐོན་པ་ཡིན་ནམ།

    སྔོན་གཤེགས་དཔའ་བོའི་མཛད་རྗེས་ཇི་སྲིད་བར་དུ་གནས་ཆེད། ཁྲོན་བོད་དང་མཚོ་བོད་གཞུང་ལམ་ཤར་གཏོང་ཐུབ་ནས་ལོ་65འཁོར་བའི་སྐབས་འདིར། ང་ཚོ་རྩད་གཅོད་ཀྱི་ལམ་བུ་རིང་མོ་ཞིག་ལ་ཞུགས་པ་ཡིན།

    མཁའ་ལམ་ཞིག་ནས་སྔོན་གཤེགས་དཔའ་བོ་ཞིག་རྩད་གཅོད་བྱེད་འགོ་བརྩམས་པ།

    ད་ཆ་རླངས་འཁོར་དམག་མི་མང་པོ་ཞིག་གིས་རྒྱལ་མོ་རྔུལ་ཆུའི་ཟམ་གདན་འདི་བརྒྱུད་སྐབས། དུང་བརྡ་གཏོང་བ་མ་ཟད་ད་དུང་ཐ་མག་རྐང་གཅིག་ལ་མེ་སྤར་ནས་སྒེའུ་ཁུང་ནས་གྲོག་རོང་དུ་དབྱུག་གི་ཡོད་པ་རེད། དུང་བརྡ་གཏོང་བ་དང་ཐ་མག་འབུལ་བའི་བྱེད་སྟངས་འདི་ནི་ཐུན་མོང་མ་ཡིན་པའི་གུས་འདུད་ཞུ་སྟངས་ཤིག་ཏུ་གྱུར་ཡོད་པ་རེད།

    ཁོང་ཚོས་གུས་འདུད་ཞུ་ཡུལ་ནི་ཟམ་གདན་འདིའི་ནང་གཏན་དུ་བཞུགས་པའི་སྔོན་གཤེགས་དཔའ་བོ་དེ་ཡིན་པ་རེད།

    ཀུན་གྱི་ངག་རྒྱུན་ལྟར་ན། སྔོན་ཆད་རྒྱལ་མོ་རྔུལ་ཆུའི་ཟམ་པ་སྐྲུན་སྐབས། འཐབ་འཛིང་པ་དེས་ངལ་གསོ་མ་བརྒྱབ་པར་ཉིན་མཚན་བསྟུད་མར་ལས་ཀ་བྱས་དྲགས་པའི་རྐྱེན་གྱིས་གཟུགས་པོས་མ་བཟོད་པར་ཨར་འདམ་བླུག་བཞིན་ཡོད་པའི་མཐོ་ཚད་སྨི་10ལྷག་ཙམ་གྱི་ཟམ་གདན་དེའི་ནང་ལྷུང་ཞིང་། ཨར་འདམ་ལམ་སེང་མཁྲེགས་པོར་གྱུར་པས་འཐབ་གྲོགས་ཚོས་ཐབས་ཤེས་གང་ཡོད་བྱས་ཀྱང་ཕྱིར་བཏོན་མ་ཐུབ། མཇུག་མཐར་ཅི་བྱ་གཏོལ་མེད་དུ་གྱུར་ནས་མིག་ཆུ་གཏོང་བཞིན་ཟམ་གདན་ནང་མི་བསྐྱུར་ཐབས་མེད་བྱུང་བ་རེད་ཟེར།

    1950ལོའི་ལོ་འགོར། ལམ་བཟོ་དམག་མི་ཁྲི་11བོད་དུ་བསྐྱོད་པ་དང་། སྐབས་དེར་བོད་ལྗོངས་ཀྱི་ས་རྒྱ་སྤྱི་ལེ་ངོས་གྲུ་ཁྲི་120ལྷག་ཙམ་ཐོག་གཞུང་ལམ་གཅིག་ཀྱང་མེད་པ་དང་། ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་ཡང་རྩེར་སྔར་བཞིན་མེས་སྲེག་གྲིས་འདེབས་ཀྱི་རྗེས་ལུས་ཐོན་སྐྱེད་བྱེད་སྟངས་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད། བོད་ལ་བཅིངས་འགྲོལ་བཏང་ནས་བོད་མི་དམངས་ལ་དེང་རབས་ཀྱི་ཤེས་དཔལ་ཁྱབ་གདལ་གཏོང་བའི་འགན་འཁྲི་ལྕི་པོ་འཁུར་མཁན་དམག་སྡེ་བཅོ་བརྒྱད་པས་བོད་སྐྱོད་གཞུང་ལམ་བཟོ་བའི་འགན་འཁྲི་ལྕི་པོ་ཡང་ཁུར་བ་རེད།

    སྐབས་དེར་རྒྱལ་ཁབ་ཀྱི་སྟོབས་ཤུགས་ཧ་ཅང་ཚད་ཡོད་ཡིན་ན་ཡང་འདི་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི“རྒྱལ་ཁབ་ལས་གྲྭ”གལ་ཆེན་ཞིག་ཡིན་པ་རེད།

    ལམ་བཟོ་བ་ཁྲི་11གིས་ལོ་4དང་ཟླ་8ལ་འབད་བརྩོན་བྱས་པ་བརྒྱུད། 1954ལོའི་ལོ་མཇུག་ཏུ་ཁྲོན་བོད་གཞུང་ལམ་དངོས་སུ་ཤར་གཏོང་ཐུབ་པ་རེད། གཞུང་ལམ་འཛུགས་སྐྲུན་ཁྲོད་ཚེ་སྲོག་ཤོར་བའི་དཔོན་དམག་3000ལྷག་ཙམ་དང་བོད་རྒྱའི་ལས་མི་1000ལྷག་ཙམ་ཚེ་སྲོག་ཤོར་ཡོད་པ་རེད།

    ལམ་ཐག་ཧྲིལ་པོར་སྤྱི་ལེ་2255ཡོད་ལ་སྤྱི་ལེ་རེ་འཛུགས་སྐྲུན་བྱེད་པར་ཆ་སྙོམས་མི་2རེའི་ཚེ་སྲོག་ཤོར་ཡོད་པ་རེད།

    ལམ་བཟོའི་ལོ་རྒྱུས་དེ་ནི་གཟི་བརྗིད་དང་རང་སྲོག་བློས་གཏོང་གི་ལོ་རྒྱུས་ཤིག་ཀྱང་ཡིན་པ་རེད།

    ཀྱག་ཀྱོག་གི་རྩད་གཅོད་ཀྱི་ལམ་བུ།

    ང་ཚོ་གངས་ལྗོངས་ས་མཐོར་ཡོང་ནས་ཟམ་གདན་ནང་གི་སྔོན་གཤེགས་དཔའ་བོ་རྩད་གཅོད་ཀྱི་འགྲུལ་བཞུད་ཅིག་བྱེད་འགོ་བརྩམས་པ་ཡིན།

    སྤང་མདའ་གནམ་ཐང་ནས། ང་ཚོས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་དུ་བཅའ་སྲུང་བྱེད་མྱོང་བའི་དཔུང་སྡེ་བཙལ་བ་ཡིན། ལོ་30ལ་སླེབས་པའི“དམག་མི་རྒན་གྲས”དབྱང་ཐའོ་ཡིས། ངས་འདི་གར་གཏན་བཞུགས་གནང་མཁན་ནི་དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་ཞིག་ཡིན་པ་མ་གཏོགས་ཞིབ་ཕྲའི་གནས་ཚུལ་ཅི་ཡང་ཤེས་ཀྱི་མེད་ཅེས་བརྗོད་པ་རེད།

    བཅར་འདྲི་རིམ་བཞིན་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ཀུན་གྱི་ངག་ན་གནས་པའི་གཏམ་རྒྱུད་འདིར་བཞེད་པ་མི་འདྲ་བ་ཁ་ཤས་ཐོན་བྱུང་།

    ལོ་དྲུག་ཅུ་ལྷག་ཙམ་ལ་སླེབས་པའི་ཁྲེང་ཞུའེ་ཁང་སྔོན་ཆད་བོད་ལྗོངས་ཆབ་མདོ་འགྲིམ་འགྲུལ་ཅུས་གཞུང་ལས་ཁང་དུ་ལས་ཀ་བྱེད་མྱོང་ཡོད་ཅིང་། ཁོང་གི་པཱ་ལགས་སྐབས་དེའི་ཁྲོན་བོད་གཞུང་ལམ་གྱི་ཡུལ་མིའི་ལམ་བཟོ་རུ་ཁག་ནང་ཞུགས་མྱོང་ཡོད་པ་རེད། ཁོང་གིས་ཟམ་པའི་གྲུབ་ཆའི་ཐད་ནས་སྔོན་གཤེགས་དཔའ་བོའི་ཐོབ་ཐང་དང་ཟམ་གདན་གྱི་ལོ་ཚིགས་སྐོར་ལ་དོགས་འདྲི་བྱེད་མྱོང་ཡོད་པ་རེད།

    འོ་ན། ཨར་འདམ་གྱི་ཟམ་གདན་དེ་ནི་དུས་ནམ་ཞིག་ལ་བཟོས་པ་ཡིན་ནམ་ཞེ་ན། ཁྲེང་ཞུའེ་ཁང་གིས། དུས་རབས་ཉི་ཤུའི་ལོ་རབས་དྲུག་ཅུའི་དུས་མཇུག་དང་བདུན་ཅུའི་དུས་འགོར། དེ་སྔའི་བཅིངས་འགྲོལ་དམག་རྨང་གཞི་འཛུགས་སྐྲུན་ལས་གྲྭའི་ཨར་ལས་དམག་མིའི་རུ་ཆེན་852ཀྱིས་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་བསྐྱར་སྐྲུན་བྱེད་མྱོང་ཡོད་ཅེས་ང་ཚོར་དྲན་སྐུལ་བྱས་བྱུང་།

    དེས་ན་ཟམ་གདན་འདི་ནི་སྐབས་དེར་བསྐྲུན་པ་ཡིན་ནམ།

    ང་ཚོས་རླངས་འཁོར་བཏང་ནས་དཔའ་ཤོད་རྫོང་དུ་ཡོང་སྟེ་ལོ་82ལ་སླེབས་པའི་བོད་རིགས་རྒན་རྒོན་པད་མ་རྒྱལ་མཚན་བཙལ་བ་ཡིན།

    རྒན་རྒོན་དེས། སྐབས་དེར་རྒྱལ་མོ་རྔུལ་ཆུའི་ཟམ་ཆེན་ཤར་གཏོང་ཐུབ་རྗེས་ང་དངོས་སུ་བསྐྱོད་མྱོང་ཡོད་མོད། ཡིན་ན་ཡང་ཨར་འདམ་གྱི་ཟམ་གདན་ཞིག་ཡོད་པ་དྲན་གྱི་མི་འདུག ད་ཆའི་ཟམ་གདན་འདི་དུས་ནམ་ཞིག་ལ་དེ་གར་བསྐྲུན་པ་ངས་ཤེས་ཀྱི་མེད་ཅེས་བརྗོད་པ་རེད།

    སྔོན་གཤེགས་དཔའ་བོའི་མཚན་རགས་ཙམ་ཤེས་པ།

    བོད་ནས་ལོག་རྗེས། ཁུངས་སྣེ་སྣ་ཚོགས་བརྒྱུད། གསར་འགོད་པས་རུ་ཆེན་852ཀྱི་དམག་མི་རྒན་གྲས་ཤིག་རྙེད་པ་དང་། དམག་མི་རྒན་གྲས་དེས། སྐབས་དེར་ང་ཚོ་དེ་གར་སླེབས་དུས་ཟམ་གདན་དེ་སྔ་ས་ནས་བསྐྲུན་འདུག་ཅེས་བརྗོད་པ་རེད།

    དེ་སྔའི་དམག་སྡེ་བཅོ་བརྒྱད་པའི་དྲིལ་བསྒྲགས་པུའུ་ཀྲང་ཞ་ཁྲོན་གྱི་བུ་ལུའུ་ཅི་པིང་གིས་པཱ་ལགས་ཀྱིས་སྐབས་དེར་བརྒྱབ་པ་དང་འཚོལ་བསྡུ་བྱས་པའི་པར་རྙིང་རྙེད་པ་རེད།

    ལུའུ་ཅི་པིང་གིས་ད་དུང་སྔོན་གཤེགས་དཔའ་བོ་དེ་ནི་ཧ་ལམ་ལིའུ་ཅི་ཁྲུན་ཡིན་པའི་ཁུངས་སྣེ་གལ་ཆེན་ཞིག་ཀྱང་མཁོ་འདོན་བྱས་པ་རེད།

    འདི་ནི་ཁོང་གིས་ལོ་བཅུའི་གོང་དུ“བོད་སྐྱོད་པ་རྒན་གྲས”ཤིག་གི་དྲན་གསོའི་རྩོམ་ཡིག་ནས་མཐོང་བ་ཞིག་སྟེ། “འདི་ནི་ཧ་ཅང་སེམས་འགུལ་ཐེབས་པ་ཞིག་ཡིན་པས། ངས་འཕྲལ་དུ་མཚན་དེ་ཟིན་བྲིས་སུ་བཀོད་པ་མ་ཟད་ད་དུང་སློབ་ཚན་ཁྲིད་བྱའི་ནང་དུ་བྲིས་པ་ཡིན”

    ཡིན་ན་ཡང་བློ་ཕམ་པ་ཞིག་ལ། ལོ་མང་པོ་ཕྱིན་པས་ཁོང་གིས་སྔོན་གཤེགས་དཔའ་བོའི་མཚན་བྲིས་པའི་དྲན་གསོའི་རྩོམ་ཡིག་དེ་ཅིས་ཀྱང་མ་རྙེད་པ་རེད།

    དེ་ནི་མིང་མེད་པའི་གངས་རི་ཞིག་རེད།

    དེའི་རྗེས་ཀྱི་ཟླ་བ་ཁ་ཤས་ནང་། ང་ཚོས་དོན་དག་དེ་དངོས་སུ་བརྒྱུད་མྱོང་མཁན་ནམ་ཡང་ན་ཁོང་ཚོའི་བུ་རབས་ཚ་རྒྱུད་བཙལ་ནས་ཡིད་ཆེས་བྱེད་ཆོག་པའི་དཔང་རྟགས་ཤིག་རྙེད་ཐབས་བྱས་པ་ཡིན།

    ཡིན་ན་ཡང་། ང་ཚོར་རྙེད་པའི་བཟོ་དམག་ཐོན་ལྔ་པའི་རྒན་རྒོན་མང་ཆེ་བ་གྲོངས་ཤིང་། ཁོང་ཚོའི་བུ་རབས་ཚ་རྒྱུད་ཚོས་སྐབས་དེའི་གནས་ཚུལ་ཤེས་ཀྱི་མེད་པ་རེད།

    བློ་ཧ་ཅང་ཕམ་བྱུང་། རྩོམ་ཡིག་འདི་སྤེལ་སྐབས་ཀྱང་གསར་འགོད་པས་སྔོན་གཤེགས་དཔའ་བོ་དེ་ནི་ལིའུ་ཅི་ཁྲུན་ཡིན་མིན་ད་དུང་ཐག་གསལ་པོར་གཅོད་ཐུབ་ཀྱི་མེད་པ་རེད།

    མིང་མེད་སྔོན་གཤེགས་དཔའ་བོ་ཞིག་རྩད་བཅད་པ་ལས་མིང་མེད་སྔོན་གཤེགས་དཔའ་བོ་དེ་བས་མང་པོ་ཤེས་རྟོགས་བྱུང་། ཁོང་ཚོ་རེ་རེའི་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་གཏམ་རྒྱུད་ཁྲོད། ང་ཚོས་སྤྲོ་སེམས་དང་ལེགས་སྐྱེས་འབུལ་མཁན་གྱིས་ཁེངས་པའི་དུས་རབས་ཤིག་དང་། སྔོན་བྱོན་པ་ཁོང་ཚོས་དད་མོས་དང་ཕུགས་འདུན་གྱི་ཆེད་དུ་རང་སྲོག་བློས་བཏང་བའི་བླ་ན་མེད་པའི་སྙིང་སྟོབས་ཤིག་མཐོང་བྱུང་།

    གཅིག་བྱས་ན། ང་ཚོས་སྔོན་གཤེགས་དཔའ་བོ་དེའི་མིང་ནམ་ཡང་ཤེས་ཀྱི་མ་རེད། ཡིན་ན་ཡང་ཁོང་ཚོའི་བྱས་རྗེས་ནི་ནམ་ཡང་བརྗེད་མི་སྲིད་ཅེས་ཀྲང་ཞའོ་ཁང་གིས་བརྗོད།

    གཅིག་བྱས་ན། ང་ཚོས་སྔོན་གཤེགས་དཔའ་བོ་དེ་དངོས་འབྲེལ་ལིའུ་ཅི་ཁྲུན་ཡིན་མིན་ནམ་ཡང་ཐག་ཆོད་ཀྱི་མ་རེད། ཡིན་ན་ཡང་། ཁོང་གི་གཏམ་རྒྱུད་གཏན་དུ་བརྒྱུད་བསྒྲགས་ཐུབ་རྒྱུར་ཡིད་ཆེས་ཡོད།

    677252_yis_1573016527273_s.jpg

     1950ལོར་ལམ་བཟོ་དཔུང་ཆེན་བོད་དུ་སྐྱོད་སྐབས་དཔོན་དམག་ཚོས་ཧ་ཅང་གྲང་ངར་ཆེ་བའི་གཙང་པོ་ནས་རྡོ་དབོར་བཞིན་པ།

    (དཔྱད་གཞིའི་པར་རིས)

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།