[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཛེས་སྡུག་ལྡན་པའི་མཐའ་མཚམས་བརྟན་པོར་སྲུང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད།

    —— ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ཚོས་ཡུལ་སྨད་ཀྱི་འགྱུར་ལྡོག་ཆེན་པོའི་སྐོར་ལྷུག་པོར་གླེང་བ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-05

    ཟླ་10ཚེས་28ཉིན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས་ལོ་གཉིས་འཁོར་བའི་ཉིན་མོ་ཡིན་ཞིང་། ཞོགས་པ་སྔ་པོ་ནས་གྲོང་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་ཤང་སྲིད་གཞུང་གཞུང་དོན་ཁང་གི་མདུན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་པ་རེད། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ཡུལ་སྨད་ཆུ་བོའི་ངོགས་སུ་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།

    དེ་རྗེས་ཚང་མས་མཉམ་དུ་གླུ་ལེན་གར་འཁྲབ་ཀྱིས་མཐའ་མཚམས་གྲོང་ཚོའི་འཕོ་འགྱུར་གླེང་བཞིན། “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན་པས་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བ་ནི་འགན་འཁྲི་རེད”ཅེས་གླུ་དབྱངས་སྙན་མོ《སོ་སྲུང་རོགས་རེས》ཀྱིས་ཡུལ་སྨད་མང་ཚོགས་ཡོངས་ཀྱི་བསམ་འདུན་མཚོན་པར་བྱས་ཡོད།

    དུད་ཚང་1དང་མི་3ནས་དུད་ཚང་9དང་མི་32བར་དང་། དེ་ནས་ད་ཆའི་དུད་ཚང་56དང་མི་191བར་དང་། སྟབས་བདེའི་ས་རྡོའི་ཁང་པ་ནས་གྱང་སེར་གྱི་ཐོག་བརྩེགས་ཁང་བཟང་སྟར་པ་རེ་རེའི་བར། འདམ་རྫབ་ཀྱིས་ཁེངས་པའི་ལམ་ཆུང་ནས་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་གྲོང་ཚོ་དང་དུད་ཚང་གི་སྒོ་འགྲམ་དུ་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་བར་སོགས་འཕོ་འགྱུར་རེ་རེ་ནས་མཐའ་མཚམས་རི་གྲོང་གི་མཛེས་སྡུག་ལྡན་པའི་འགྱུར་ལྡོག་ཆེན་པོ་མཚོན་གྱི་ཡོད།

    2017ལོའི་ཟླ་10ཚེས་28ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་འབྲོག་མོ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་གནང་སྟེ། ཁོ་ཚོར“སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ཏེ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱེད་དགོས་པའི་སྐུལ་ལྕག་གནང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་གནང་བའི་འཕྲིན་ལན་དེས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་སྐུལ་ལྕག་ཆེན་པོ་ཐེབས་ཡོད།

    ལོ་གཉིས་ཀྱི་རིང་། ཡུལ་སྨད་ཤང་གི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་འཕྲིན་ལན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཐའ་མཚམས་བརྟན་སྲུང་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བསྐྲུན་ནས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཞིག་བྱ་རྒྱུའི་བརྩོན་ལེན་བྱས་ཡོད།

    སྒྲོལ་དཀར་གྱིས“ལོ་གཉིས་ཀྱི་རིང་། ང་ཚོའི་གྲོང་ཚོར་མི་མང་དུ་ཕྱིན་པ་དང་འཁྲུག་ཆ་དོད་དུ་སོང་ཡོད་ལ། ཁང་པ་གསར་པར་བསྡད་པ་མ་ཟད། དྲ་བ་དང་། གློག ཆུ་བཅས་ཀྱང་བརྟན་པོ་ཡོད། ད་ཆ་གྲོང་ཚོར་དུད་ཚང་གསར་པ་མང་པོ་ཞིག་སྤོས་ཡོད། རང་ཉིད་ཡུལ་སྨད་བ་རྙིང་པ་ཞིག་གི་ངོས་ནས། ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བའི་འགན་འཁྲི་སྔར་བས་བརྟན་སྲུང་གིས་ཁོ་ཚོའི་མིག་དཔེ་བཟང་པོ་ཞིག་བྱས་ཏེ། གྲོང་མི་རེ་རེ་དང་མཉམ་དུ་ཡུལ་སྨད་བརྟན་པོར་སྲུང་བ་དང་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།

    ཡུལ་སྨད་ཤང་དུ་སྡོད་ཡུན་རིང་ཤོས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ཀྱིས་རྟག་ཏུ་ཁྲོམ་གཞུང་དང་དུད་ཚང་དུ་བསྐྱོད་དེ་གསར་དུ་སྤོས་པའི་མང་ཚོགས་ལ་དོ་ཁུར་བྱེད་པ་དང་། ཁོ་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་པ་དང་། ཚང་མ་དང་མཐུན་སྒྲིལ་གྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྩོན་ལེན་བྱེད་ཀྱི་ཡོད་པ་རེད།

    ཚེས་28ཉིན་གྱི་ཕྱི་དྲོར། ཡུལ་སྨད་ཤང་སྲིད་གཞུང་གིས་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། གྲོང་མིའི་འཐུས་མི་གདན་དྲངས་ནས་ཡུལ་སྨད་ཀྱི་འཕོ་འགྱུར་ཆེན་པོ་དང་བདེ་སྐྱིད་ལྡན་པའི་འཚོ་བ་ཐུན་མོང་ཐོག་གླེང་བ་རེད།

    ལྷུན་རྩེ་རྫོང་རི་རོང་ཤང་ནས་ཡུལ་སྨད་དུ་སྤོས་པའི་གྲོང་མི་བསོད་ནམས་ཆོས་འཕེལ་གྱིས“འདི་ལོའི་ཟླ་4པར། ང་ཚོ་ནང་མི་ཚོ་རི་རོང་ཤང་ནས་གནས་འདིར་སྤོས་ཏེ་གཟི་བརྗིད་ལྡན་པའི་ཡུལ་སྨད་ཀྱི་མཐའ་སྲུང་བ་ཞིག་ཏུ་གྱུར། གནས་འདིར་ཁོར་ཡུག་ལེགས་ལ། ང་ཚོ་སྡོད་སའི་ཁང་པའང་ཡག་པོ་ཡོད་པ་མ་ཟད། ཨར་ལས་བྱ་ཡུལ་དུ་གླ་པར་བསྐྱོད་དེ་ཡོང་འབབ་ཀྱང་གསོག་ཐུབ་པས་འཚོ་བ་ཧ་ཅང་སྐྱིད་པོ་འདུག ཡུལ་སྨད་དུ་སྤོས་པའི་ཡུལ་མི་ཞིག་གི་ངོས་ནས། ང་ཚོས་ངེས་པར་དུ་མཐའ་མཚམས་ཡག་པོ་བསྲུངས་ཏེ་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་ཡུལ་སྨད་གསར་པ་སྐྲུན་གྱི་ཡིན”ཞེས་བརྗོད།

    ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བས“ལོ་གཉིས་ཀྱི་རིང་། ཡུལ་སྨད་ཤང་གི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཡུལ་སྨད་གསར་པ་འཛུགས་སྐྲུན་བྱས་ཡོད། སླད་ཕྱིན་ང་ཚོས‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི’མཐའ་སྲུང་མཐའ་དར་གྱི་སྙིང་སྟོབས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས། དེ་བས་མཛེས་སྡུག་དང་འབྱོར་ཕྱུག་ལྡན་པའི་འབྱོར་འབྲིང་གི་ལེའུ་ཞིག་རྩོམ་གྱི་ཡིན”ཞེས་བརྗོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།