[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མཚོ་བོད་ས་མཐོའི་ཆུ་རླངས་རྒྱུག་ལམ་གྱི་ལྟ་དཔྱད་ཚད་ལེན་གྱི་དྲ་བ་ཆེ་ཤོས་རྩ་བའི་ཆ་ནས་གྲུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-04

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། མཚོ་བོད་ཚན་རིག་རྟོག་ཞིབ་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་ཆུ་རླངས་རྒྱུག་ལམ་རྟོག་ཞིབ་ཡན་ལག་རུ་ཁག་གིས་བོད་ཀྱི་ཤར་ལྷོའི་རྒྱུད་དུ་ཆུ་རླངས་སྐྱེལ་འདྲེན་ལམ་སྲོལ་དང་ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག་འགྱུར་ལྡོག་གི་ཞིབ་འཇུག་བྱ་གཞིར་ཞིབ་འཇུག་བྱེད་བཞིན་ཡོད་པ་དང་། རྟོག་ཞིབ་ཡན་ལག་རུ་ཁག་གིས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་ཁུལ་དུ་ཆུ་རླངས་ལྟ་དཔྱད་ཚད་ལེན་སྒྲིག་ཆས་བཙུགས་པ་དང་འབྲེལ། གྲངས་གཞི་ཐོབ་པ་དེ་ཐོག་ནས་མཚོ་བོད་ས་མཐོའི་ཆུ་རླངས་རྒྱུག་ལམ་གྱི་ལྟ་དཔྱད་ཚད་འཇལ་དྲ་བ་ཆེ་ཤོས་རྩ་བའི་ཆ་ནས་གྲུབ་པ་མཚོན་ཡོད།

    མཚོ་བོད་ས་མཐོའི་ལྷོ་རྒྱུད་ནི་ས་མཐོ་དང་དེ་བཞིན་ཉེ་འཁོར་གྱི་གཞུང་ཐིག་ཕྱོགས་དང་འཕྲེད་ཐིག་ཕྱོགས་སུ་ཆུ་རླངས་སྐྱེལ་འདྲེན་བྱེད་ཤུགས་མང་ཤོས་ཀྱི་ས་ཁུལ་ཆེ་ཤོས་ཡིན་པ་དང་ཆུ་རླངས་སྐྱེལ་འདྲེན་བྱས་པ་བརྒྱུད། ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་ཁུལ་དེ་མཚོ་བོད་ས་མཐོའི་ཆར་པ་བབས་ཚད་མང་ཤོས་ཀྱི་གནས་སུ་འགྱུར་ཡོད། ཆུ་རླངས་རྒྱུག་ལམ་གྱིས་ཧི་མ་ལ་ཡའི་ལྷོ་བྱང་གི་རང་བྱུང་ས་ཁམས་ཀྱི་དྲང་འཕྱང་རྒྱུད་དང་རང་བྱུང་མཛེས་ལྗོངས་ཁུལ་གྱི་ཁྱད་ཆོས་དང་དེ་བཞིན་འཁྱགས་རོམ་སོགས་ལེགས་སྒྲིག་ཐད་ཤུགས་རྐྱེན་མངོན་གསལ་དོད་པོ་ཐོན་རྒྱུ་རེད།

    1981ལོར་ཀྲུང་གོ་ཚན་རིག་ཁང་གིས་གནམ་ལྕགས་འབར་བའི་ཁུལ་དུ་རི་འཛེག་དང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱས་ནས། ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ་ནི་མཚོ་བོད་ས་མཐོའི་ཆུ་རླངས་ཀྱི་རྒྱུག་ལམ་ཆེ་ཤོས་དེ་ཡིན་པ་བདེན་དཔང་ར་སྤྲོད་བྱུང་བ་དང་། ཆུ་རླངས་རྒྱུག་ལམ་གྱིས་རང་བྱུང་ཁོར་ཡུག་དང་མིའི་རིགས་ཀྱི་བྱེད་སྒོར་ཤུགས་རྐྱེན་ལྡན་པ་རིགས་པས་ཁུངས་སྐྱེལ་བྱས་ཡོད། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཞུའེ་ལུང་གིས་ད་ལྟ་སྤེལ་བཞིན་པའི་མཚོ་བོད་ས་མཐོའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པས་ཆུའི་རྒྱུག་ལམ་ནང་ངོས་སུ་ཆུ་རླངས་པ་སྐྱེལ་འདྲེན་བྱེད་པའི་འགྱུར་ལྡོག་ལ་བརྟེན་ནས་མཚོ་བོད་ས་མཐོར་ཆུའི་ཐོན་ཁུངས་དོ་སྙོམས་མེད་པའི་རྒྱུ་རྐྱེན་མངོན་པར་བྱས་ཡོད་ཅེས་བཤད།

    ཚན་རིག་རྟོག་ཞིབ་ཡན་ལག་རུ་ཁག་གིས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོར་འཛུལ་ས་དང་། དཀྱིལ། མཐའ་སྣེ་བཅས་ས་མཚམས་མང་ཆེ་བར་ཕྱོགས་བསྡུས་ལྟ་དཔྱད་ཚད་ལེན་ས་ཚིགས་བཙུགས་ནས། གྲོག་རོང་ཆེ་མོའི་ཆུ་རླངས་སྐྱེལ་འདྲེན་གྱི་དངོས་ཁམས་བརྒྱུད་རིམ་དང་ཆུ་རླངས་སྐྱེལ་འདྲེན་ལ་ཤུགས་རྐྱེན་བཟོ་བའི་འགག་རྩའི་དངོས་ཁམས་ཚད་འབོར་ལ་དབྱེ་ཞིབ་བྱས་ཏེ། གྲོག་རོང་ཆེ་མོའི་ཆུ་རླངས་སྐྱེལ་འདྲེན་གྱི་ལྟ་དཔྱད་ཚད་ལེན་གྱི་སྟོང་ཆ་གསབ་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཉི་ཆོས།