[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དཔེ་སྟོན་དང་ཚད་གཞིར་བརྟེན་ནས་སྣེ་ཁྲིད་བྱས། སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་སྒྲོལ་ཡོང་བར་འབད།

    —— ཤན་རྩ་རྫོང་སྨད་པ་ཤང་གིས་ཕྱུག་འགྱུར་སྣེ་ཁྲིད་པའི་ནུས་པ་འདོན་སྤེལ་བྱས་ནས་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་བྱས་པའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-11-03

    ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་སྨད་པ་ཤང་ནི་ཤན་རྩ་རྫོང་གི་ཁེར་རྐྱང་ཚོང་དུད་ཅུང་མང་བའི་ཤང་གྲོང་ཞིག་ཡིན་པ་དང་། དེ་ཁུལ་དུ་ཕྱུག་འགྱུར་སྣེ་ཁྲིད་པ་དང་། ཏང་ཡོན་གདོང་ལེན་པ། བུད་མེད་ཀྱི་འཐུས་མི་སོགས་ཀྱི་མིག་དཔེ་བཟང་པོ་ཧ་ཅང་མང་པོ་ཡོད་པ་རེད།

    2015ལོར། སྨད་པ་ཤང་གྲོང་ཚོ་5པའི་ཚེ་དཔའ“ཀྲུང་གོའི་དབུལ་སྐྱོར་གྱི་ཕོ་ཉར”བདམས་པ་དང་འབྲེལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་མཇལ་འཕྲད་ཐོབ་པ་དང་། དེའི་རྗེས་སུ་སྨད་པ་ཤང་གི་དབུལ་པོའི་རོགས་རེས་རྩ་འཛུགས་དང་ཕྱུག་འགྱུར་སྣེ་ཁྲིད་པ་ཆར་རྗེས་ཀྱི་མྱུ་གུ་བཞིན་མང་པོ་ཐོན་ཡོད། ད་ཆ་སྨད་པ་ཤང་གིས་དཔེ་མཚོན་གྱིས་སྣེ་ཁྲིད་དེ་ཤང་ཡོངས་ཀྱི་མི་སེར་རྣམས་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་སྐྱོད་བཞིན་ཡོད་པ་རེད།

    “ཏང་ཡོན་གྱི་སྣེ་ཁྲིད”ལ་བརྟེན་ནས་མིག་དཔེའི་ཚད་གཞི་བཏོད་པ།

    སྨད་པ་ཤང་གིས་ཐོག་མཐའ་བར་གསུམ་དུ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་ཡི་ཡོད་པ་རེད།

    སྐབས་རིམ་བྱུང་གི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྨད་པ་ཤང་གི་ཡུལ་ལུང་གང་ས་དང་། ཁྱིམ་ཚང་ཚང་མར་བསྐྱོད་དེ་གྲོང་ཚོ་དང་དུད་ཚང་མི་རེ་ངོ་རེར་དམིགས་ཏེ་དེ་མཚུངས་ཀྱི་དབུལ་སྒྲོལ་བྱ་ཐབས་བཏོན་ཞིང་། 

    ངག་དབང་བསྟན་རྒྱས་ཀྱིས་ཧྲུའུ་ཅིའི་འགན་ཁུར་རྗེས་གྲོང་ཚོ་ཁག་ཏུ་ཐེངས་མང་བསྐྱོད་དེ་སྲིད་ཇུས་སྒྲོག་འགྲེལ་དང་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་བཏོན་པ་དང་། གྲོང་ཚོ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅི་ཚང་མ་གྲོང་ཚོའི་ཕྱུག་འགྱུར་སྣེ་ཁྲིད་པར་འགྱུར་བ། གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་གྲོང་ཚོའི“འབྲེལ་གཏུག་པ”ཡིན་པའི་ཆ་ནས་སྲིད་ཇུས་གསར་ཤོས་ཁོང་དུ་ཆུད་པ་དང་དུས་མཚུངས། སྲིད་ཇུས་དྲིལ་བསྒྲགས་ཡག་པོ་དང་ལག་བསྟར་གནད་སྨིན་བྱས་ཡོད་པ་རེད།

    “འབྲོག་པའི་ཏང་ཡོན”གྱིས་སྔོན་ཐོན་བརྩོན་ལེན་ཧུར་ཐག་བྱས་པ། དབུལ་སྒྲོལ་འགག་སྒྲོལ་ཁྲོད་ཏང་ཡོན་དཀྱུས་མས་རྗེས་སུ་ལུས་མི་འདོད་པར་ཐབས་བརྒྱ་ཇུས་སྟོང་ངང་དབུལ་སྒྲོལ་ཡོང་ཐབས་ཧུར་ཐག་བྱས་ཡོད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རོགས་སྐྱོར་འོག ཏང་ཡོན་སྤེན་བསམ་གྱིས་ནགས་ཚང་ཞིང་འབྲོག་པའི་ཨར་ལས་རུ་ཁག་བཙུགས་ནས་གྲོང་ཚོའི་ངལ་རྩོལ་ནུས་ཤུགས་རང་འགུལ་ངང་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་རྒྱུའི་སྣེ་ཁྲིད་དེ་དུད་ཚང་དབུལ་པོ་23ལ་ཆ་སྙོམས་འབབ་འཕར་སྒོར་ཁྲི་2.6ལྷག་ཙམ་བྱུང་ནས་ད་ཆ་སྨད་པ་ཤང་གི་གྲོང་ཚོ་དང་པོ་ཉེ་རིང་གང་སར་སྐད་གྲགས་ཆོད་པའི་ངལ་ནུས་ཕྱིར་གཏོང་གི་གྲོང་ཚོ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།

    “དཔེ་སྟོན་གྱི་སྣེ་ཁྲིད”ལ་བརྟེན་ནས་བསམ་བློའི་དོགས་འཆར་སེལ་བ།

    སྨད་པ་ཤང་གིས་མང་ཚོགས་དབུལ་པོའི་ཉེ་འགྲམ་གྱི་ཕྱུག་འགྱུར་འཇོན་ཐང་ཅན་དྲིལ་བསྒྲགས་ཀྱི་དཔེ་མཚོན་ལ་བརྩིས་ནས་ཤང་ཡོངས་སུ་མིག་དཔེ་བཟང་པོ་བཏོད་དེ་མང་ཚོགས་དབུལ་པོའི་དབུལ་སྒྲོལ་གྱི་ཡིད་ཆེས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་པ་རེད།

    སྨད་པ་ཤང་གི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་སྤེན་བསམ་ནི་སློབ་གྲྭ་འགྲིམ་མྱོང་མེད་མོད། འོན་ཀྱང་ཁོང་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བ་དང་གཞན་གྱི་རྗེས་སུ་ལུས་མི་འདོད་པར་མི་གཞན་གྱི་རླངས་འཁོར་ཉམས་བཟོ་ཁང་དུ་གླ་པ་བྱེད་པ་ནས་རང་ཉིད་ལ་དབང་བའི་རླངས་འཁོར་ཉམས་བཟོ་ཁང་བཙུགས་པའི་བར་དང་། རྗེས་སུ་བློ་ཁོག་ཆེན་པོས་འཛུགས་སྐྲུན་ལས་རིགས་ནང་ཞུགས་ནས་ལོ་མང་འབད་བརྩོན་བྱས་པས། ད་ཆ་ཁོང་ཤན་རྩ་རྫོང་དུ་སྐད་གྲགས་ཅུང་ཆེ་བའི་ཨར་ལས་རུ་ཁག་གི་སྦྱིན་བདག་ཅིག་ཏུ་གྱུར་ཡོད། ཕྱུག་པོ་ཆགས་སྐབས་ཕ་ཡུལ་གྱི་ཡུལ་མི་མ་བརྗེད་པར། སྤེན་བསམ་གྱིས་ཡུལ་མི་རྣམས་ལ་རོགས་རམ་བྱེད་རྒྱུའི་བསམ་བློ་བཏང་ནས་མ་དངུལ་བཏང་སྟེ་ཤན་རྩ་རྫོང་བྱང་ཐང་རླངས་འཁོར་ཉམས་བཟོ་ཚད་ཡོད་ཀུང་སི་བཙུགས་ཏེ་སྨད་པ་ཤང་གི“ཤང་གཅིག་ལ་མཉམ་ལས་ཁང་གཅིག”གི་དབུལ་སྐྱོར་ཐོན་ལས་རྣམ་གྲངས་སྣེ་འཁྲིད་དེ་གཉེར་སྐྱོང་བྱས་པ་དང་། 2019ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཁོ་ནར་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་53.75བྱུང་ནས་མང་ཚོགས་དབུལ་པོར་ཁེ་སྤོགས་སྒོར་ཁྲི་16ལྷག་ཙམ་བགོ་བཤའ་བརྒྱབ་པ་དང་། དུད་ཚང་དབུལ་པོ་རེར་ཆ་སྙོམས་འབབ་འཕར་སྒོར་1287དང་། མི་རེར་ཆ་སྙོམས་འབབ་འཕར་སྒོར་293བྱུང་ཡོད་པ་རེད།

    “ཤེས་བྱའི་སྣེ་ཁྲིད”ལ་བརྟེན་ནས་ཁྱིམ་རྒྱུད་དབུལ་པོ་མི་ཐོན་པ་བྱས་པ།

    སྨད་པ་ཤང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོར་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་རྩ་བར་དོ་དམ་དང་། དབུལ་པོའི་རྩ་བ་དྲུངས་ནས་འབྱིན་པ། འབྱུང་འགྱུར་ལ་དོ་དམ་བཅས་ཀྱི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་གྲུབ་འབྲས་སྲ་བརྟན་དང་། བྱང་ཚད་མཐོར་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ། རིམ་པ་ཁག་གི་སློབ་མ་སློབ་ཞུགས་དང་སློབ་གསོའི་སྤུས་ཚད་མཐོར་གཏོང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་ཁྱིམ་རྒྱུད་དབུལ་པོའི་གནད་དོན་རྩ་བ་ནས་མི་ཐོན་པ་བྱས་ཡོད་པ་རེད།

    སློབ་གསོའི་དབུལ་སྐྱོར་གྱི་སྲིད་ཇུས་ཁག་དོན་འཁྱོལ་ནན་པོ་བྱས་ཤིང་། ཤང་ཡོངས་ཀྱི་སློབ་མ་348སློབ་མཚམས་མི་ཆད་པ་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་ལེན་བྱེད་ཚད་100%ཟིན་ཡོད་པ་དང་། ཤང་ཡོངས་ཀྱི་སློབ་ལོ་ལོན་པའི་དབང་སྐྱོན་བྱིས་པ་4ལ་སྒོ་འགྲམ་དུ་སློབ་ཁྲིད་བྱེད་ཚད་100%ཟིན་ཡོད་པ་རེད། ད་ལྟ་ཤང་ཡོངས་སུ་སློབ་གྲྭ་ཆེ་མོ་བ་35ཡོད་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་གྲྭ་ཆེ་མོ་བ་6ཡོད་པ་ཚང་མར“རྩ་ཆག་གསུམ་དང་ཁ་གསབ་གཅིག”གི་སྲིད་ཇུས་ལོངས་སྤྱོད་ཐུབ་ཡོད་པ་རེད།

    མང་ཚོགས་དབུལ་པོའི་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་ཆེད། གྲོང་ཁྱེར་དང་རྫོང་རིམ་པ་གཉིས་ཀྱི་གསོ་སྦྱོང་དང“གསེར་གྱི་གཤོག་ཟུང་འདུ་འགོད”སོགས་ཀྱི་ཐབས་ལམ་བརྒྱུད། སྨད་པ་ཤང་ལ་སྐོར་སྐྱོད་ཆོག་པའི་ངལ་རྩོལ་མི་སྣ་186ཡོད་པའི་ནང་། མི་179རྩལ་ནུས་གསོ་སྦྱོང་ལ་ཞུགས་ནས་གསོ་སྦྱོང་དང་ལེན་བྱེད་ཚད་96.2%ཟིན་ཡོད་པ་དང་། དེའི་ནང་གསོ་སྦྱོང་བྱས་རྗེས་མི་100ལྷག་ཙམ་ལས་ཞུགས་ཐུབ་ནས་ངལ་རྩོལ་ནུས་ཤུགས་ཀྱི་བྱང་ཚད་མཐོ་རུ་ཤུཌ་ཆེན་ཕྱིན་ཡོད་པ་རེད།

    “ཀུན་སྤྱོད་ཀྱི་སྣེ་ཁྲིད”ལ་བརྟེན་ནས་དབུལ་པོའི་རྩ་བའི་གནད་དོན་སེལ་བ།

    སྨད་པ་ཤང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་ཀྱི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་སྣེ་ཁྲིད་བྱས་ཏེ་མང་ཚོགས་དབུལ་པོས་ཡང་དག་པའི་རིན་ཐང་ལྟ་བ་འཛུགས་རྒྱུར་ཁྲིད་སྟོན་ཧུར་ཐག་གིས། དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་ཚན་རིག་དང་མཐུན་པའི་བསམ་བློ་གཏོད་པ་དང་དབུལ་པོའི་རྩ་བའི་གནད་དོན་བསལ་ཡོད་པ་རེད།

    “འགྲན་སློབ་སྙེག་རོགས་བརྒལ”གྱི་དབུལ་སྒྲོལ་ཞྭ་འཕུད་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། སྨད་པ་ཤང་གིས་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ལས་བྱེད་པ་དང་། གྲོང་ཚོ་ཁག་གི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་འགན་གཙང་ལེན་མཁན་ལས་བྱེད་པ། གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་བཅས་སྒྲིག་འཛུགས་བྱས་ཏེ། ལས་དོན་ཚུགས་ཆུང་བཙུགས་ནས་ཤང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་ལྔ་རུ་བསྐྱོད་དེ་ལོ་བཞིའི་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་སྡོམ་རྩིས་ལེན་དང“འགྲན་སློབ་སྙེག་རོགས་བརྒལ”གྱི་ལག་ལེན་བྱེད་སྒོ་སྤེལ་བ་རེད། བསྡུར་གྲངས་ངེས་ཅན་ལྡན་པའི་འབྲོག་དུད་ལ་སྟབས་བསྟུན་ཟུར་བཤེར་བྱས་ཏེ“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་གཞི་རྩའི་དབུལ་སྒྲོལ་དམིགས་ཚད་མངོན་འགྱུར་གྱི་གནས་ཚུལ་དང་། སྲིད་ཇུས་གསལ་རྟོགས་དང་ཏང་གི་བཀའ་དྲིན་ལ་སྣང་ཆེན་བྱེད་པའི་གནས་ཚུལ། ཁྱིམ་ཚང་གི་ཤེས་དཔལ་དང་མི་སྒེར་གྱི་གཙང་སྦྲ་དང་དེ་བཞིན་གྲོང་ཚོའི་རྣམ་པ། གྲོང་ཚོའི་འཕྲོད་བསྟེན་ཁང་། འབྲོག་ཁྱིམ་དཔེ་ཁང་། གྲོང་ཚོ་རིམ་པའི་ཡིག་ཚགས་སོགས་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་རྩིས་ལེན་བྱས་པ་རེད། ཞིབ་བཤེར་རྩིས་ལེན་ལ་སྐར་མ་བརྒྱབ་རྗེས། ཞིབ་བཤེར་རྩིས་ལེན་ཚོགས་ཆུང་གི་ཁོངས་མི་ཚང་མས་ས་གནས་ས་ཐོག་ཏུ་དཔྱད་འདེམས་བྱས་ཏེ་མྱོང་ཚོར་གླེང་བ་དང་། བསམ་ཚུལ་བརྗོད་པ། མི་འདང་ས་བརྗོད་པ་བཅས་བྱས་ནས།“འགྲན་སློབ་སྙེག་རོགས་བརྒལ”གྱི་སྐུལ་འདེད་ཀྱི་ནུས་པ་དངོས་འབྲེལ་འདོན་སྤེལ་བྱས་ཏེ། དབུལ་སྒྲོལ་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་དང་སྒུལ་ཤུགས་ཆེན་པོ་བསྣན་ནས“དངོས་འབྲེལ་དབུལ་སྒྲོལ”གྱི་རྣམ་པ་བཟང་པོ་བཏོད་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།