[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • མི་སེར་གྱི་སེམས་ལ་བདེ་སྐྱིད་མེ་ཏོག་བཞད།

    —— གནས་ཡུལ་ལྷོ་པ་མི་རིགས་ཤང་ཁྱུང་གླིང་གྲོང་ཚོའི་ལོ་ངོ་60ཡི་འགྱུར་ལྡོག་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱིགསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-09

    ཀྲུང་གོའི་མི་འབོར་ཉུང་བའི་གྲངས་ཉུང་མི་རིགས་ཀྱི་གསར་ཐོན་གྲོང་ཚོ་སྟེ་ཁྱུང་གླིང་གྲོང་ཚོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བཏང་ཚུན་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཞིང་། ལོ་ངོ་60ཡི་ཆར་རླུང་ཁྲོད་གྲོང་ཚོ་དེ་སྔོན་མ་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོད་པ་ནས་ད་ཆ་བདེ་སྐྱིད་ཁམས་བཟང་གི་འཚོ་བའི་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། 

    མི་སེར་གྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན།

    ཁྱུང་གླིང་གྲོང་ཚོར་བསྐྱོད་སྐབས་ཤང་ཤང་དུ་རྒྱུག་པའི་ཆུ་ཕྲན་དང་སྔོ་ལྗང་གིས་རི་ཀླུང་བརྒྱན་ལ། གཞུང་ལམ་རིང་པོ་ཞིག་རི་འདབས་བར་བཟོས་ཡོད། ལམ་གཡས་གཡོན་དུ་མིག་ལ་མཛེས་པའི་བོད་བཟོའི་སྡོད་ཁང་འདུག་ལ། རྒན་རྒོན་ཁ་ཤས་རང་ཁྱིམ་གྱི་སྒོ་འགྲམ་དུ་གླེང་མོལ་བྱེད་བཞིན་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན་མཆིས། 

    འདི་ལོ་ལོ་71ལ་སླེབས་པའི་ཡ་ཅག་ནི་གྲོང་ཚོ་དེའི་ཏང་ཡོན་རྒན་གྲས་རེད་ལ། ཁྱུང་གླིང་གྲོང་ཚོའི་འཕེལ་རྒྱས་འགྱུར་ལྡོག་གི་དཔང་པོའང་ཡིན། ཁོང་གིས“དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ངོ་དྲག་པའི་ལྷམ་དང་གྱོན་ཆས་གྱོན་རྒྱུ་མེད། 1959ལོའི་རྗེས་ང་ཚོ་རི་ནས་སྤོས་ཏེ་གཞི་ནས་འཚོ་བ་ལེགས་སུ་ཕྱིན་སོང”ཞེས་བཤད། 

    ཁོང་གིས་སྔོན་མའི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་གསར་འགོད་པར“སྔོན་མ་ང་ཚོ་གཙོ་བོ་རྔོན་རྒྱག་ནས་འཚོ་བ་སྐྱེལ་བ་དང་ཨ་ཤོམ་དང་ཞོག་ཁོག་འདེབས་ཀྱི་ཡོད་ལ། ཟ་མ་ནི་རི་སྐྱེས་སྔོ་ཚལ་དང་ཤིང་འབྲས་ཙམ་ལས་མེད་པ་དང་ལུས་ལའང་ཟར་མའི་རས་ཀྱི་གྱོན་གོས་ལས་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། མ་ཟད་ས་ཐག་རིང་བར་བརྟེན་གྲོང་ཚོའི་མི་ཕྱི་ལ་སྐྱོད་མཁན་ཧ་ཅང་ཉུང་ཉུང་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ལྷོ་པ་མི་རིགས་ས་ཁུལ་བཅིངས་འགྲོལ་བཏང་བ་དང་ཕྱིས་སུ་དམངས་གཙོའི་བཅོས་སྒྱུར་བྱས་པ་བརྒྱུད་ང་ཚོར་གཞི་ནས་རང་ཁྱིམ་རང་བདག་བྱུང་སོང”ཞེས་བཤད། 

    རྒྱལ་ཁབ་དང་སྤུན་ཟླའི་མི་རིགས་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ལྷོ་པ་མི་རིགས་ཤང་མང་ཚོགས་ཀྱི་དཔལ་འབྱོར་དང་རིག་གནས་གདོད་མའི་རྣམ་པ་ལས་མགྱོགས་མྱུར་སྒྲོལ་ཐུབ་པ་བྱུང་ཡོད། 

    ད་ཆ་ཏང་དང་རྒྱལ་ཁབ་ཀྱི་རོགས་སྐྱོར་འོག་གྲོང་ཚོའི་འབྲུ་རིགས་ཐོན་ཚད་འཕར་བ་དང་། འབྲོག་ལས་ཐོན་སྐྱེད་འཕེལ་རྒྱས་ཆེན་པོ་ཕྱིན་པ། སྨན་བཅོས་འཕྲོད་བསྟེན་སློབ་གསོ་བཅས་ཀྱི་ཆུ་ཚད་རིམ་གྱིས་མཐོ་རུ་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་རིམ་གྱིས་འཐུས་སྒོ་ཚང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཉིན་བཞིན་ལེགས་པ་བཅས་བྱུང་ཡོད། 

    ཕྱུག་འགྱུར་གྱི་འདུ་ཤེས་དེ་བས་ཟབ། 

    ལོ་མང་རི་གྲོང་དུ་འཚོ་བ་སྐྱེལ་རྒྱུར་གོམས་པའི་ལྷོ་པ་བ་ཚོ་ནི་སེམས་བག་ཡངས་བ་དང་རང་དབང་ལ་དགའ་ཞིང་། ཁོ་ཚོའི་ངོས་ནས་བརྗོད་ན། གལ་འགངས་ཆེ་ཤོས་ནི་ལྟོ་གོས་འཛོམས་པ་དང་སྤྲོ་སྣང་ལྡན་པ་བྱ་རྒྱུ་དེ་རེད། 

    ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་ལྷོ་པ་རིགས་ཀྱི་མི་སེར་ཚོས་ལོ་ལེགས་བྱུང་མ་ཐག་མཉམ་དུ་འཛོམས་ནས་ཞིམ་བཟས་ལ་རོལ་བ་དང་གླུ་ལེན་གར་འཁྲབ་བྱས་ནས་གང་དགའ་གང་སྐྱིད་བྱེད་ཀྱི་ཡོད། ཕྱིས་སུ་རྒྱལ་ཁབ་ཀྱི་སྲིད་ཇུས་རོགས་སྐྱོར་ཟམ་མི་ཆད་པར་མང་དུ་ཕྱིན་ནས་སློབ་གསོའི་དབུལ་སྐྱོར་སྲིད་ཇུས་དང་། སྨན་བཅོས་རྒན་གསོའི་སྲིད་ཇུས། སྣོད་བཅུད་ཁ་གསབ། མཐའ་མཚམས་ཁ་གསབ་སོགས་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་པར་བརྟེན། མི་སེར་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་གྱུར་སོང་ཞེས་ངོ་སྤྲོད་བྱས་བྱུང་། 

    ཁྱུང་གླིང་གྲོང་ཚོའི་རྗེས་ལུས་ཀྱི་ཐོན་སྐྱེད་བྱེད་ཐབས་རྐྱང་པར་འགྱུར་ལྡོག་གཏོང་ཆེད། ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་། ནོར་ཤུགས། དངོས་ཤུགས་བཅས་ཕྱོགས་མང་པོའི་ཐད་ནས་རྒྱབ་སྐྱོར་བྱས་ཏེ་ས་གནས་མི་སེར་གྱིས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བར་རོགས་རམ་ཆེན་པོ་བྱས་ཤིང་། ཡུལ་སྐོར་གྱི་ལེགས་ཆར་བརྟེན་ནས། ཁྱུང་གླིང་གྲོང་ཚོའི་མི་སེར་ཚོས་གནས་ཡུལ་མཛེས་ལྗོངས་ཁུལ་དུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཟོག་འཚོང་མཁན་ཚོགས་ཆུང་བཞི་བཙུགས་ཏེ་གྲོང་ཚོའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱས་ཡོད། 

    “དེ་ལྟར་བྱས་ཚེ་གཅིག་ནས་མི་སེར་གྱི་ཡོང་འབབ་མང་དུ་གཏོང་ཐུབ་པ་དང་། གཉིས་ནས་ང་ཚོའི་ལྷོ་པའི་རིག་གནས་ཁྱབ་གདལ་གཏོང་ཐུབ”ཅེས་ཟླ་བས་བཤད། ད་ཕན་ལོ་ཤས་རིང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཚོང་ཁང་ནས་ལོ་ལྟར་གྲོང་ཚོ་ཡོངས་ལ་ཡོང་འབབ་སྒོར་ཁྲི་50ཙམ་ཡོང་བ་དང་དུད་ཚང་རེའི་ཞིང་འབྲོག་པར་ཡོང་འབབ་སྒོར་ཁྲི་1.8ཡོང་གི་ཡོད། 

    འཚོ་བ་འཁྱོལ་ཐབས་ཁོ་ན་ནས་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་བར་དང་། རགས་ལས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱེད་ཐབས་རྐྱང་པ་ནས་སྣེ་མང་ཅན་གྱི་ལེགས་བསྡུས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་བྱེད་ཐབས་བར་གྱི་འགྱུར་ལྡོག་ལས། ཁྱུང་གླིང་གྲོང་ཚོའི་མི་སེར་ཚོས་ཐོན་སྐྱེད་རྩལ་ནུས་དང་འཕེལ་རྒྱས་བྱེད་ཐབས་རིམ་གྱིས་ཁོང་དུ་ཆུད་པ་མ་ཟད། “སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ལས་འབྲལ་ཏེ་རང་ཉིད་ཀྱི་དཀའ་སྤྱད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་འཚོ་བ་སྐྱེལ་བཞིན་ཡོད། 

    མི་རིགས་ཁག་དེ་བས་འཆམ་མཐུན་ལྡན། 

    དུས་རབས་གོང་མའི་ལོ་རབས་50བར། ལྷོ་པ་བ་ཕལ་ཆེ་བ་ནགས་ཚལ་དུ་འཚོ་བ་སྐྱེལ་བས། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་ཆ་འཕྲིན་ཡང་གསང་པོ་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ལྷོ་པ་བ་རྣམས་ནགས་ཚལ་ནས་ཐོན་ཏེ་བོད་ལྗོངས་ཕུད་པའི་ས་ཁུལ་གཞན་གྱི་གནས་ཚུལ་ཡང་ཤེས་རྟོགས་བྱེད་ཚད་མང་དུ་ཕྱིན་ཡོད། 

    “སྔོན་མ་ང་ཚོས་བོད་རིགས་མ་གཏོགས་རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་ཡོད་པ་ཤེས་ཀྱི་མེད་པས། མི་རིགས་གཞན་དང་ཧ་ལམ་འབྲེལ་བ་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚན་རྩལ་གསར་པ་དང་། རིག་གནས་གསར་པ། འདུ་ཤེས་གསར་པ་བཅས་ཀྱིས་ལྷོ་པ་བའི་བསམ་བློར་འགྱུར་ལྡོག་ཕྱིན་པ་དང་མིག་རྒྱང་ཡང་རིང་དུ་ཕྱིན་པ་མ་ཟད། ལྟ་བ་རྙིང་པར་ཡང་འགྱུར་ལྡོག་ཕྱིན་ནས། མི་རིགས་མི་འདྲ་བའི་དབར་འགྲོ་འོང་དང་། མཉམ་འདྲེས། སྤེལ་རེས་བྱེད་འགོ་ཚུགས་ཡོད”ཅེས་ཟླ་བས་དེ་ལྟར་བཤད། 

    ད་ཆ་གྲོང་ཚོའི་མི་སེར་རྣམས་སེ་འབྲུའི་གོང་བུ་ལྟར་མི་རིགས་ཁག་གི་སྤུན་ཟླ་མཐུན་སྒྲིལ་དམ་ཟབ་ཡོད་པ་དང་། གྲོང་ཚོའི་དུད་ཚང་50དང་མི་གྲངས་203ཚང་མ་ཕན་ཚུན་མཐུན་སྒྲིལ་མཛའ་བརྩེ་དང་ཕན་ཚུན་རོགས་རམ་བྱེད་པས། གང་སར་ཞི་མཐུན་གྱི་རྣམ་པས་ཁེངས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།