[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དུད་ཚང་ཚང་མས་རྒྱལ་དར་བསྒྲེངས། ཏང་གི་བཀའ་དྲིན་ཚང་མས་ཚོར།

    —— གམ་པ་རྫོང་འགྲིགས་ཤང་གི་མང་ཚོགས་དང་རྒྱལ་དར་དབར་གྱི་གཏམ་རྒྱུད།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-10-06

    “ལོངས་ཤོག བྲན་གཡོག་བྱེད་མི་འདོད་པའི་མི་རྣམས། ང་ཚོའི་ཤ་དང་ཁྲག་ལས་ལྕགས་རི་རིང་པོ་གསར་པ་སྐྲུན་དགོས”ཞེས་མེས་རྒྱལ་གྱི་ལྷོ་ནུབ་ཏུ་གནས་པ་དང་ས་བབ་མཐོ་ཚད་སྨི་4500ཟིན་པའི་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་འགྲིགས་ཤང་གི་མང་ཚོགས་ཀྱིས་གཟའ་འཁོར་རེ་རེའི་གཟའ་ཟླ་བར་གྲོང་ཚོའི་རྒྱལ་དར་སྒྲེང་བའི་མཛད་སྒོར་ཞུགས་རྗེས། རང་ཁྱིམ་གྱི་སྒོ་རའི་ནང་གི་རྒྱལ་དར་སྒྲེང་འགོ་ཚུགས།

    མང་ཚོགས་ཀྱི་སྒོ་རར་དར་ཤིང་འཛུགས་དགོས་པའི་སྐོར་ཐོས་སྐབས། ཚེ་རིང་ལྷ་མོས་སེམས་འགུལ་ཆེན་པོ་ཐེབས་བཞིན“འདི་ནི་བྱ་བ་བཟང་པོ་ཞིག་རེད། འདི་ལྟར་བྱས་ན་ང་ཚོས་རང་ཁྱིམ་གྱི་སྒོ་རར་རྒྱལ་དར་བསྒྲེངས་ནས་རྒྱལ་དར་མཐའ་མཚམས་ཁུལ་དུ་དམར་མདངས་བཀྲ་བའི་ངང་ལྷབ་ལྷུབ་ཏུ་གཡོ་ཐུབ”ཅེས་བརྗོད།

    འདི་ལོ་ལོ་84ལ་སླེབས་པའི་ཨ་མ་རྒན་མོ་ཚེ་རིང་ལྷ་མོ་ནི་འགྲིགས་ཤང་གནས་གྲོང་ཚོ་ནས་ཡིན་པ་དང་། བོད་གསར་རྙིང་གི་འགྱུར་ལྡོག་བརྒྱུད་མྱོང་ཡོད་ལ། སྤྱི་ཚོགས་རྙིང་པའི་མུན་ནག་དང་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་གསར་པར་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ལ་ཡང་བདེན་དཔང་ཐུབ་ཀྱི་ཡོད། ཚེ་རིང་ལྷ་མོས་གསར་འགོད་པར“སྤྱི་ཚོགས་རྙིང་པར་ང་ཚོ་མང་ཚོགས་ཀྱི་འཚོ་བ་རྟ་ཟོག་སེམས་ཅན་ལས་ཀྱང་ཞན་པ་ཡོད། ཉིན་མཚན་བལྟོས་མེད་ལས་ཀ་བྱས་ཀྱང་ལྟོ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་མེད། ལས་ཀ་ཡག་པོ་བྱེད་མ་ཐུབ་ཚེ་ཉེས་རྡུང་དྲག་པོ་ཕོག་ནས་རྟ་ལྕག་ཞུ་བ་ནི་རྒྱུན་གཏན་ཞིག་རེད། ད་ཆ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ང་ཚོ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་སོང་། ང་རང་ཚེ་འདིར་འཚོ་བ་ཡག་པོ་འདི་འདྲ་སྐྱེལ་རྒྱུ་བྱུང་བ་བསམ་ཡུལ་ལས་འདས་སོང”ཞེས་བརྗོད།

    ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་བའི་བསམ་པ་མཚོན་ཆེད། ཚེ་རིང་ལྷ་མོས་ལོ་ལྟར་རང་ཁྱིམ་གྱི་ཐོག་ཁར་རྒྱལ་དར་འཛུགས་ཀྱི་ཡོད། རྒྱལ་དར་རྙིང་པ་ཆགས་ན། རྒན་མོས་ལམ་སེང་གསར་པ་བརྗེས་ནས་རྟག་ཏུ་དམར་གདངས་འཕྲོ་བར་བྱེད་ཀྱི་ཡོད།

    ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གི་དམངས་འཚོར་ཕན་འདོགས་པའི་སྲིད་ཇུས་དང་ཐུགས་ཁུར་འོག་འགྲིགས་ཤང་གི་ཕྱོགས་གང་ཅིའི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་།

    དཔལ་འབྱོར་དང་། རིག་གནས། སྨན་བཅོས། དམངས་འཚོ། སློབ་གསོ་སོགས་ཀྱི་ཆ་རྐྱེན་ལེགས་སུ་ཆེན་པོ་ཕྱིན་ཡོད། ཏང་གི་བཀའ་དྲིན་ཚོར་སེམས་གང་ལེགས་མཚོན་ཆེད། འགྲིགས་ཤང་ཏང་ཨུད་ཀྱི་འགོ་ཁྲིད་འོག་ཚན་རིག་དང་མཐུན་པར་ས་ཆ་འདེམས་པ་དང་། ཇུས་འགོད། མཛུབ་ཁྲིད་བཅས་བྱས་པ་བརྒྱུད་འགྲིགས་ཤང་གི་ལམ་འགྲམ་གྱི་དུད་ཚང་105ཡི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་ཁར་དར་ཤིང་བཙུགས་པ་རེད།

    “ལམ་འགྲམ་གྱི་དུད་ཚང་ཚང་མའི་སྒོ་ཁར་དར་ཤིང་བཙུགས་པ་བརྒྱུད། གཟའ་འཁོར་རེ་རེའི་གཟའ་ཟླ་བའམ་ཡང་ན་དུས་སྟོན་ཉིན་མོ་འགངས་ཆེན་སྐབས་དུས་གཅིག་ཏུ་རྒྱལ་དར་སྒྲེང་བའི་བསམ་འདུན་བསྒྲུབས་པ་དང་། རྒྱལ་དར་བསྒྲེངས་པ་བརྒྱུད་མང་ཚོགས་ཀྱི་ཏང་གི་བཀའ་དྲིན་ཚོར་བའི་བསམ་པ་སྔར་བས་ཟབ་ཏུ་ཕྱིན་པ་དང་ཚང་མས་ཏང་གི་བཀའ་དྲིན་ཚོར་བ་དང་ཚང་མས་སྲོག་ཤིང་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་བརྟན་དུ་ཕྱིན་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་སྒུལ་ཤུགས་ཆེན་པོར་གྱུར་ཡོད”ཅེས་འགྲིགས་ཤང་གི་ཏང་ཨུད་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ་ཀྱིས་གསར་འགོད་པར་བརྗོད་བྱུང་།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།