[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སུར་པན་བཏབ་པས་འཚོ་བ་ཡག་ཏུ་ཕྱིན།

    སྣང་རྫོང་གི་སུར་པན་ཐོན་ལས་འཕེལ་རྒྱས་སྐོར་རགས་ཙམ་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-18

    ཟླ་བ་བརྒྱད་པ་ནི་སུར་པན་སྨིན་པའི་སྒང་ཡིན་པས། སྣང་རྫོང་དུང་དཀར་གྲོང་རྡལ་གྱི་ཞིང་ནང་དང་མུ་ཁར་བསྐྱོད་སྐབས་སུར་པན་རྣམས་དམར་མདངས་རབ་ཏུ་རྒྱས་ཤིང་། གྲོང་མི་རྣམས་དབྱར་གཞུང་གི“འབྲས་བུ”བསྡུ་བར་བྲེལ་བཞིན་མཆིས།

    ཉེ་བའི་ལོ་ཤས་རིང་། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་གཏོང་ཆེད། སྣང་རྫོང་གིས་སྤྱི་གནོད་མེད་པའི་སུར་པན་གཙོ་བོར་བྱས་པའི་ཁྱད་ལྡན་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་རྫོང་ཡོངས་ཀྱི་འདེབས་འཛུགས་ལས་རིགས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་བྱས་པས། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཡོད།

    “དེ་སྔ་ང་ཚོས་ཞིང་ཁ་མང་ཆེ་བར་ནས་དང་གྲོ་འདེབས་པ་དང་། སྔོ་ཚལ་ཡང་སྤྱིར་ན་ལ་ཕུག་དང་། པད་ཚལ། ཞོག་ཁོག་བཅས་གསུམ་ལས་འདེབས་ཀྱི་མེད་པས། སུར་པན་འདེབས་འཛུགས་ལ་སྣང་བ་དེ་ཙམ་གཏོང་གི་མེད”ཅེས་སྣང་རྫོང་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཤཱ་རྡོར་གྱིས་གསར་འགོད་པར་དེ་ལྟར་བཤད། ཁོང་གིས“རྒྱ་ཆེའི་མང་ཚོགས་ཀྱི་ཐོན་སྐྱེད་ཀྱི་ཧུར་སེམས་སྔར་བས་འཕེལ་བ་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་ཆེད། ང་ཚོས་དུང་དཀར་གྲོང་རྡལ་དཀྲོགས་གྲོང་ཚོ་ཧྲིལ་པོར་ཁྱབ་གདལ་གཏོང་བའི་སུར་པན་འདེབས་འཛུགས་རྟེན་གཞི་ཐོག་མ་སྔོན་དུ་བཙུགས་ཡོད”ཅེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། དཀྲོགས་གྲོང་ཚོར་དུད་ཚང་57དང་མི་གྲངས་233ཡོད་ཅིང་། སྤྱིར་ན་ཚང་མ་སྤྱི་གནོད་མེད་པའི་སུར་པན་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ནང་ཞུགས་པ་དང་སུར་པན་འདེབས་ཁྱོན་མུའུ་224ཟིན་གྱི་ཡོད།

    “སུར་པན་བཏབ་ན་མ་རྨོས་ལོ་ཏོག་ལས་ཡག་པ་འདུག དེས་མ་ཟད། འཕྲལ་མར་བསྡུ་ཆོག་པ་དང་ཕན་འབྲས་ཆེ་བའི་ཁར་དཀའ་ལས་ཡང་དེ་ཙམ་མི་འདུག”ཅེས་ཚོད་འདེབས་ལེགས་གྲུབ་བྱུང་རྗེས་མང་ཚོགས་ཚོའི་ཐོན་སྐྱེད་ཀྱི་ཧུར་སེམས་ཆེ་རུ་ཤུགས་ཆེན་ཕྱིན་ནས་ཚང་མས་སུར་པན་འདེབས་འཛུགས་ཐོན་ལས་ཁྲོད་ཞུགས་འདོད་ཡོད་ཚུལ་བསྟན།

    ཡུལ་དེའི་དོན་དངོས་དང་མི་སེར་གྱི་འདོད་འདུན་དང་ཟུང་འབྲེལ་བྱས་ཏེ་སྣང་རྫོང་གིས་དེ་སྔའི་འདེབས་འཛུགས་ཀྱི་རྨང་གཞིའི་ཐོག་རྒྱ་ཁྱོན་ཆེ་རུ་བཏང་ནས་སུར་པན་ཐོན་ལས་དེ་ཉིད་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གི་གཙོ་གནད་ལ་བརྩིས་ནས་དམ་འཛིན་བྱས་པས། འཁྱུག་ཙམ་ཞིག་ལ་སུར་པན་འདེབས་འཛུགས་དེ་ཉིད་ཁྱབ་ཆུང་ཆུང་ནས་ཁྱབ་ཆེན་པོར་གྱུར་ཡོད།

    ད་བར་སྣང་རྫོང་གི་སུར་པན་འདེབས་འཛུགས་རྒྱ་ཁྱོན་མུའུ་5495.4ཁྱབ་གདལ་བཏང་བ་དང་། སུར་པན་དཔེ་སྟོན་རྟེན་གཞི་2བསྐྲུན་ཟིན་པ། སུར་པན་འདེབས་འཛུགས་རྟེན་གཞི་15བསྐྲུན་ཟིན་ནས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་5ལ་ཁྱབ་ཡོད།

    སུར་པན་གྱི་སྐྱེ་འཚར་ལ་ཁོར་ཡུག་བཟང་པོ་ཞིག་བཏོད་ཆེད། སྣང་རྫོང་གིས་ས་རྒྱུ་དང་ས་བོན་གྱི་དུག་སེལ་ལས་དོན་ལེགས་པར་བསྒྲུབས་ནས་ནད་འབུའི་གནོད་འཚེ་ཐོན་ཚད་ཉུང་དུ་བཏང་ཡོད། འདི་ལོ་རྫོང་ཡོངས་ཀྱི་སུར་པན་སྐྱེ་ཚུལ་བཟང་ཞིང་། སུར་པན་ཏུན་2250བཏུས་པར་ཐོན་རྫས་རིན་ཐང་སྒོར་ཁྲི་1350ཟིན་པ་དང་ཡོང་འབབ་སྒོར་ཁྲི་780.95བྱུང་སྟེ་རྫོང་ཡོངས་ཀྱི་དུད་ཚང་1163གྱི་ཞིང་འབྲོག་པ་3825ལ་མི་རེར་ཆ་སྙོམས་འབབ་འཕར་སྒོར་2041ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    ཁྲོམ་རར་ཁྱབ་གདལ་གཏོང་བའི་ཐད་སྣང་རྫོང་གིས“ཀུང་སི+འདེབས་འཛུགས་རྟེན་གཞི+མཉམ་ལས་ཁང་+ཞིང་དུད”ཀྱི་རྣམ་པར་བརྟེན་ནས་སྣང་རྫོང་སུར་པན་གྱི་སྤུས་རྟགས་བཏོད་པ་དང་གླང་མདུན་སུར་པན་ཆེད་ལས་མཉམ་ལས་ཁང་དང་མཁོ་ཚོང་མཉམ་ལས་ཀྱི་འབྲེལ་བ་བཙུགས་པ་རེད།

    ད་ཆ་སྣང་རྫོང་གི་སུར་པན་འདེབས་འཛུགས་ཐོན་ལས་ཀྱིས་མི་སེར་གྱི་འཚོ་བ་སྐྱིད་དུ་ཕྱིན་པ་དང་ཡོང་འབབ་འབེལ་དུ་སོང་ཡོད། དམར་མདངས་བཀྲ་བའི་སུར་པན་དེ་དག་མིང་དོན་མཚུངས་པའི“ཕྱུག་འགྱུར་སུར་པན”ལ་གྱུར་ནས་མི་སེར་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་སྐྱིད་དུ་འགྲོ་བཞིན་མཆིས། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།