[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལང་ཚོའི་གཟི་བྱིན་བྱ་གཞག་གསར་གཏོད་ཁྲོད་དུ་འབར།

    ཧྲའན་ཤིས་གུ་གེ་ཕུགས་འདུན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་གཏོད་མཁན་ནོར་བུ་དབང་རྒྱལ་གྱི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-18

    མངའ་རིས་ས་ཁུལ་གུ་གེ་རྒྱལ་རབས་གནའ་ཤུལ་ཉེ་འགྲམ་གྱི་ལུང་ཁུག་ཅིག་ནས་ཡིན་པའི་ནོར་བུ་དབང་རྒྱལ་གྱིས་རང་ཡུལ་གྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རམས་ཚོས་དེ་ལས་གཏོད་རྣམ་གྲངས་ཤིག་ཏུ་གཉེར་བ་མ་ཟད། 2017ལོའི་ཟླ་དང་པོར་གུ་གེའི་ཕུགས་འདུན་རམས་ཚོས་ལས་དོན་ཁང་ཞིག་ཀྱང་བཙུགས།

    “ང་རང་སློབ་ཆེན་འགྲིམས་པའི་ཐོག་མར་བྱ་གཞག་གསར་གཏོད་ཀྱི་བསམ་བློ་གང་ཡང་མེད། རྗེས་སུ་སློབ་གྲྭ་ནས་ང་ཚོར་བྱ་གཞག་གསར་གཏོད་ཐད་ཀྱི་གཟིགས་སྐྱོང་སྲིད་ཇུས་མང་དག་ཅིག་སྒྲོག་འགྲེལ་བྱས་པའི་ཁར། ང་རང་ཡང་དེ་སྔོན་རམས་ཚོས་ལག་རྩལ་ལ་རྒྱུས་མངའ་ཅུང་ཟད་ཡོད་པར་བརྟེན་རམས་ཚོས་ལས་དོན་ཁང་ཞིག་འཛུགས་རྒྱུའི་བསམ་འདུན་ཞིག་བྱུང་། ངའི་ཆེད་ལས་གྲངས་འཛིན་སྨྱན་སྦྱོར་ཡིན་པས་ལས་དོན་ཁང་དང་ཟུང་འབྲེལ་བྱེད་ཆོག་གི་འདུག”ཅེས་ནོར་བུ་དབང་རྒྱལ་གྱིས་རང་ཉིད་ཀྱི་བྱ་གཞག་གསར་གཏོད་བྱེད་པའི་ཐོག་མའི་བསམ་ཚུལ་གསར་འགོད་པར་བཤད་བྱུང་།

    “དང་ཐོག་མར་ང་ཚོའི་ལས་དོན་ཁང་སློབ་གྲྭའི་ཕྱིར་ཡོད། རམས་ཚོས་ཐོན་རྫས་བཟོས་ཚར་རྗེས་ང་ཚོས་ག་ལེར་བཙོངས་ས་བཙལ་ཞིང་། སློབ་གྲྭའི་ནང་དུ་ཁྱབ་གདལ་བཏང་བ་དང་བཙོངས་པ་མ་ཟད། སྤྱི་ཚོགས་སུའང་ལོ་གཅིག་ལྷག་ཙམ་བཙོངས་པ་ཡིན། དེའི་རྗེས་སློབ་གླིང་གིས་ང་ཚོར་སློབ་གྲྭའི་ནང་རམས་ཚོས་ཐོན་རྫས་བཟོ་ཡུལ་ཞིག་མཁོ་འདོན་བྱས་བྱུང”ཞེས་ནོར་བུ་དབང་རྒྱལ་གྱིས་བཤད།

    ལས་དོན་ཁང་དེ་རྒྱ་ཆེན་པོ་མེད་རུང་ནོར་བུ་དབང་རྒྱལ་དང་ཁོང་གི་བྱ་གཞག་གསར་གཏོད་ཚོགས་པའི་ཕུགས་འདུན་འགྲུབ་ཡུལ་ཞིག་ཡིན། 2017ལོའི་ཟླ་12པར་གུ་གེ་ཕུགས་འདུན་རམས་ཚོས་ལས་དོན་ཁང་བོད་ལྗོངས་མི་རིགས་སློབ་ཆེན་བྱ་གཞག་གསར་གཏོད་གསོ་སྦྱོང་རྟེན་གཞིར་དངོས་སུ་ཞུགས་འགོ་ཚུགས། སློབ་གྲྭས་རམས་ཚོས་ལས་དོན་ཁང་ལ་རམས་ཚོས་ཐོན་རྫས་བཟོ་ཡུལ་ཞིག་ཆེད་མངགས་མཁོ་འདོན་བྱས་པ་ལས་ལས་དོན་ཁང་ཞིག་བོགས་མར་ལེན་པའི་མ་རྩ་གྲོན་ཆུང་ཐུབ་པ་མ་ཟད། ཐད་ཀར་སློབ་གྲྭའི་ནང་རམས་ཚོས་ལག་རྩལ་གྱི་ཞབས་འདེགས་ཞུ་ཐུབ་པ་དང་ཆབས་ཅིག་ལས་ཀའི་ལས་ཕྱོད་ཀྱང་ཆེ་རུ་སོང་ཡོད།

    “ངས་དེ་སྔོན་ལས་ཀ་གང་ཞིག་བྱས་རུང་། གསོ་སྦྱོང་རྟེན་གཞི་འདིར་སླེབས་རིམ་བཞིན་ངའི་སེམས་ནང་རམས་ཚོས་ཀྱི་ལས་ཀ་དེ་ལས་གཞན་གང་ཡང་འཁོར་གྱི་མི་འདུག བློ་གཅིག་སེམས་གཅིག་གིས་མིག་མདུན་གྱི་ལས་ཀ་ཡག་པོ་བྱས་ན་གྲུབ་འབྲས་ཐོབ་ངེས་ཡིན་པ་གདོན་མི་ཟ”ཞེས་ནོར་བུ་དབང་རྒྱལ་གྱིས་བཤད། ད་ཆ་ཁོང་གི་ལས་དོན་ཁང་དེ་སློབ་གྲྭར་ཅུང་སྐད་གྲགས་ཆོད་པས་སློབ་མ་མང་པོ་ཞིག་གིས་ལྟ་སྐོར་དུ་འགྲོ་བ་མ་ཟད། གྱོན་གོས་ལ་ཚོས་རྒྱག་སྟངས་ཀྱང་སྦྱོང་གི་ཡོད།

    བོད་ལྗོངས་མི་རིགས་སློབ་ཆེན་སློབ་བསྡུ་ལས་ཞུགས་ཁྲུའུ་ཡི་ཁྲུའུ་ཀྲང་ཆིའུ་ཧུང་ཧའོ་ཡིས། “དོན་སྙིང་ཆེན་པོ་ལྡན་པའི་རྣམ་གྲངས་དེ་ལས་ང་ཚོའི་སློབ་གྲྭའི་སློབ་མ་ཚོས་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་སྐོར་གྱི་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་དང་ལེན་དང་དོན་འཁྱོལ་ཧུར་ཐག་བྱེད་པ་མཚོན་པ་མ་ཟད། དེས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་ཆབས་ཅིག སློབ་མ་གཞན་དག་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པའང་ཐོན་གྱི་ཡོད། གུ་གེ་ཕུགས་འདུན་རམས་ཚོས་ལས་དོན་ཁང་ནི་གྲུབ་འབྲས་ལྡན་པའི་ལས་གཏོད་དཔེ་མཚོན་ཞིག་རེད”ཅེས་བཤད།

    འདི་ལོའི་ཟླ་བ་གསུམ་པར་ནོར་བུ་དབང་རྒྱལ་གྱིས་ཧྲའན་ཤིས་གུ་གེ་ཕུགས་འདུན་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བདེ་བླག་ངང་ཐོ་འགོད་བྱས་པ་མ་ཟད། ཀུང་སི་ཐོན་རྫས་ཕྱིར་ཚོང་ཁུལ་དང་། ལས་སྒོ་ཞབས་ཞུ་ཁུལ། བརྡ་ཆ་འཆར་འགོད་ཁུལ། ལས་གཏོད་གསོ་སྦྱོང་སྤེལ་རེས་ཁུལ་བཅས་སུ་ཕྱེ་ནས་ཁུལ་ཁོངས་བཞི་སྣ་མང་ཅན་དུ་འཕེལ་རྒྱས་བཏང་བར་ཟླ་རེར་ཡོང་འབབ་སྒོར་ཁྲི་1ཙམ་མང་དུ་སོང་ཡོད།

    ནོར་བུ་དབང་རྒྱལ་དང་ཁོང་གི་ཚོགས་མི་ཚོས། གོམ་སྟབས་རྗེས་མར་ང་ཚོས་ཡིད་ཆེས་དང་ནུས་ཤུགས་གང་ཡོད་བཏོན་ནས་ལས་གཏོད་ཀྱི་ལམ་དུ་མུ་མཐུད་མདུན་སྐྱོད་བྱས་ཏེ་ཀུང་སིའི་རྒྱ་སྟོབས་ཇེ་ཆེར་གཏོང་བ་མ་ཟད། སློབ་ཆེན་སློབ་མ་དེ་བས་མང་བའི་ལས་གཏོད་ལས་ཞུགས་ལ་རོགས་རམ་བྱས་ནས་སྤྱི་ཚོགས་འཕེལ་རྒྱས་ལ་རང་ཉིད་ཀྱི་ནུས་པ་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།