[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • བོད་ལྗོངས་ནག་ཆུའི་གཙོད་ཀྱི་གྲངས་འབོར་ཁྲི་15ལྷག་ཙམ་ཟིན་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-13

    650159_yis_1565159765492.jpg

    འདི་ནི་གཙོད་ཀྱིས་ཟས་འཚོལ་བཞིན་པ།

    བོད་ལྗོངས་ནག་ཆུ་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས་འདམ་ར་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས། ས་ཁོངས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་འབོར་ཡང་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། གྲངས་གཞི་གསར་ཤོས་ལས་མངོན་གསལ། ད་ཆ་གཙོད་ཁྲི་15ལྷག་ཙམ་ཟིན་པ་དང་། འབྲོང་ཁྲི་1ལྷག་ཙམ་ཟིན་པ། རྐྱང་ཁྲི་8ལྷག་ཙམ་ཟིན་གྱི་ཡོད་པ་རེད།

    བོད་ཀྱི་བྱང་རྒྱུད་དུ་གནས་པའི་ནག་ཆུ་གྲོང་ཁྱེར་ནི་ཀྲུང་གོའི་ཆ་སྙོམས་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་གྲོང་ཁྱེར་ཞིག་ཡིན་ཞིང་། གྲོང་ཁྱེར་དེའི་རྫོང་3བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཚུད་པ་དང་། ས་ཁོངས་ནང་གི་འདམ་རའི་གཞི་ཁྱོན་གྱིས་གྲོང་ཁྱེར་དེར་ཡོད་པའི་རྒྱལ་ཁབ་ཀྱི་ས་ཆའི་རྒྱ་ཁྱོན་གྱི་7%ཙམ་བཟུང་ཡོད་པ་རེད།

    ཅུས་དེའི་འབྲེལ་ཡོད་འགན་ཁུར་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་འདམ་ར་གལ་ཆེན་2དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་6བསྐྲུན་པ་དང་ཆབས་ཅིག སྨི་ཏི་ཁ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་བོད་ཀྱི་འདམ་ར་གལ་ཆེན་གྱི་སྣོད་བཅུད་ཕན་འབྲས་སྐྱིན་གསབ་ཀྱི་གསེར་གླིང་མཚོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཤན་རྩ་རྫོང་ཡུག་ཁུལ་གྱི་ཚོད་ལྟའི་རྣམ་གྲངས་སོགས་ཀྱི་ལས་གྲྭ་ལེགས་སྒྲུབ་བྱས་པ་རེད། འདམ་ར་སྲུང་སྐྱོང་ཁུལ་དང་འདམ་རའི་སྤྱི་གླིང་སྲུང་སྐྱོང་ལས་དོན་སྤེལ་བ་བརྒྱུད། བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་ཀྱི་ཁོར་ཡུག་ལེགས་སུ་ནུས་ལྡན་ཕྱིན་ཡོད་ལ། འདམ་རའི་སྐྱེ་དངོས་སྣ་མང་རང་བཞིན་ཡང་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་གྱིས་འདམ་ར་སྲུང་སྐྱོང་ལས་དོན་གྲོང་ཁྱེར་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གཙོ་གནད་ལས་དོན་ལ་བཅུག་ནས་ཐེངས་གཅིག་ལ་འདམ་རའི་སྣོད་བཅུད་དབུལ་སྒྲོལ་གྱི་ལས་ཞུགས་གཞན་སྒྱུར་མི་སྣ་8894བསྡུས་ཏེ་འདམ་རའི་སྣོད་བཅུད་དོ་དམ་སྲུང་སྐྱོང་མཁན་དང་ལྟ་སྐུལ་མཁན་ལ་བརྩིས་ནས་འདམ་ར་སྲུང་སྐྱོང་དང་སླར་གསོའི་རྣམ་གྲངས་ལག་བསྟར་ལ་ཞུགས་ཡོད་པ་རེད།

    གཞན་ཡང་། 2018ལོར་ནག་ཆུ་གྲོང་ཁྱེར་གྱིས་འདམ་ར་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་ནས། བདག་ཏུ་མ་བཟུང་བའི་སྲོག་ཆགས་ཁྱོན་རིགས་15ཡི་སྲོག་ཆགས་21སྲུང་སྐྱོབ་བྱས་པ་དང་འབྲེལ། སྐམ་སར་འཚོ་སྡོད་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་གཙོ་བོར་བྱས་པའི་ཆེད་དོན་ཁྲིམས་འཛིན་ཞིབ་བཤེར་ལས་དོན་ཐེངས་5སྤེལ་བ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།