[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྒྱལ་གཅེས་མཐའ་སྲུང་ཏང་གི་རྗེས་སུ་འབྲང་།

    གམ་པ་རྫོང་འགྲིགས་ཤང་གི་མང་ཚོགས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ལག་ལེན་བྱེད་སྒོའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-08-10

    གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གྲོང་ནས་ནུབ་བྱང་ཕྱོགས་སུ་རླངས་འཁོར་བཏང་སྟེ་སྤྱི་ལེ་30ལྷག་ཙམ་བསྐྱོད་རྗེས། འགྲིཌ་ཤང་དུ་འབྱོར། གསར་འགོད་པས་དེ་གའི་དུད་ཁྱིམ་ཚང་མའི་རྒྱལ་སྒོའི་ཐོད་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་པ་མཐོང་བྱུང་།

    འགྲིགས་ཤང་གི་ཤང་ཀྲང་གཞོན་པ་ཉི་མ་ཕུན་ཚོགས་ཀྱིས་ང་ཚོར“འདི་ག་ནི་མཐའ་མཚམས་ཤང་ཡིན། ‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་དང་ལྷག་དོན་དུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱས་པ་ནས་བཟུང་མང་ཚོགས་ཀྱི་རྒྱལ་གཅེས་སྤྲོ་སེམས་སྔར་བས་ཆེ་རུ་སོང་བ་དང་། ‘དུད་ཁྱིམ་ཀུན་ཏུ་དར་ཤིང་སློང་བ’ནི་ང་ཚོའི་ཤང་གི་ལག་ལེན་བྱེད་སྒོ་གལ་ཆེན་ཡིན”ཞེས་བརྗོད་པ་རེད།

    2017ལོའི་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོ་ཕ་དང་བུ་མོ་མི་རབས་གཉིས་ཀྱིས་རྒྱལ་ཁབ་ཀྱི་དོན་དུ་མཐའ་མཚམས་བརྟན་སྲུང་བྱས་པའི་བྱ་སྤྱོད་ལ་གདེང་འཇོག་མཐོན་པོ་གནང་བ་དང་། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་བཙུགས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད། དོན་དེ་མཐའ་མཚམས་རྫོང་གྲོང་གཅིག་པ་ཡིན་པའི་འགྲིགས་ཤང་གི་མང་ཚོགས་ཚོར་ཡང་སེམས་འགུལ་ཆེན་པོ་ཐེབས་ཤིང་། “ང་ཚོས་ངེས་པར་དུ་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་ལ་སློབ་སྦྱོང་བྱས་ནས་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་གཟི་བརྗིད་ལྡན་པ་ཞིག་བྱ་རྒྱུ་ཡིན”ཞེས་བརྗོད་པ་དང་། དེ་ནི་འགྲིགས་ཤང་གི་མང་ཚོགས་ཀྱི་སྲ་ཞིང་བརྟན་པའི་དད་སེམས་རེད། འགྲིགས་ཤང་གི་རྩ་འཛུགས་ཨུ་ཡོན་དང་དྲིལ་བསྒྲགས་ཨུ་ཡོན་དབྱང་ཞའོ་ལུང་གིས“མང་ཚོགས་ཀྱིས་སྔ་རྗེས་སུ་ཤང་ཏང་ཨུད་དང་སྲིད་གཞུང་ལ‘དུད་ཁྱིམ་ཀུན་ལ་དར་ཤིང་སློང་བ་དང་མི་ཚང་མས་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་ཧུར་ཐག་བྱེད’པའི་བསམ་འདུན་ཆེན་པོ་མཚོན་པར་བྱས་ཡོད”ཅེས་བཤད།

    “ད་ཆ་དུད་ཁྱིམ་ཚང་མར་དར་ཤིང་ཡོད་པ་དང་། ངས་རང་ཁྱིམ་དུ་རྒྱལ་དར་བསྒྲེངས་ནས་ད་ཕན་རྒྱལ་དར་སྒྲེང་བའི་མཛད་སྒོ་ག་ཚོད་ནང་ཞུགས་པ་གསལ་པོར་ངེས་ཀྱི་མེད་ནའང་། སྐར་ལྔའི་དར་དམར་རིམ་གྱིས་སྒྲེང་བ་མཐོང་རིམ་བཞིན་ང་ལ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་ཀྱི་འདུག”ཅེས་པའི་གྲོང་མི་བློ་བཟང་གི་སྐད་ཆ་དེ་ནི་ར་སྤྲོད་ཡག་ཤོས་ཡིན། དུད་ཁྱིམ་ཀུན་ཏུ་དར་ཤིང་སློང་བ་དང་རྒྱལ་དར་མཐའ་མཚམས་སུ་ལྷབ་ལྷུབ་གཡོ་བ་ལས་མང་ཚོགས་ཀྱི་རྒྱལ་ཁབ་ས་ཆ་སྲུང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་བ་དང་། མི་ཀུན་གྱིས་ཏང་གི་བཀའ་དྲིན་ཚོར་བ་དང་མི་ཀུན་གྱིས་སྲོག་ཤིང་ལ་སྲུང་སྐྱོང་བྱེད་པའི་འདུ་ཤེས་བརྟན་དུ་ཕྱིན་ནས“བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”ཧུར་ཐག་བྱ་རྒྱུ་ནི་བཤོལ་ཐབས་མེད་པའི་འགན་འཁྲི་ཡིན་པའི་ངོས་འཛིན་བྱུང་ཡོད་པ་རེད།

    “ཕ་ཡུལ་འགྲིགས་ནི་ཨོ་ལོ་ང་ཡི་སྐྱེ་ས། འདི་གར་ནོར་བུ་མི་འདུག་མ་གསུངས། ཏང་གི་དམངས་ཕན་སྲིད་ཇུས། ནོར་བུ་མིན་ན་གང་ཡིན། ལག་བསྟར་བྱེད་པའི་དམངས་ཕན་སྲིད་ཇུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་དྲིན……”ཤང་ཡོངས་ལ་ཁྱབ་པའི་གཞས་དེ་ནི་2017ལོར་འགྲིགས་ཤང་གི་མང་ཚོགས་ཀྱིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་སྐབས་བརྩམས་པ་ཞིག་རེད། དེ་ནི་འགྲིགས་ཤང་གི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་ལུགས་གླུར་བླངས་པ་དང་། དུས་རབས་གསར་པའི་བདེ་སྐྱིད་འཚོ་བ་དང་མཛེས་པའི་འབྱུང་འགྱུར་གླུར་བླངས་པ་ཞིག་རེད། དབྱང་ཞའོ་ལུང་གིས“གཞས་དེ་ལ་ཤང་ཡོངས་ཀྱི་མང་ཚོགས་ཚང་མའི་དགའ་བསུ་ཐོབ་པས་ང་ཚོས་ད་དུང་མཉམ་གཞས་ཚོགས་པ་བཙུགས་ཁར་གླུ་གཞས་ཀྱི་བརྙན་ཐུང་ཡང་བཟོས་པ་ཡིན‘ཞེས་བརྗོད།

    ཨ་མ་ཚེ་རིང་ལྷ་མོས་ཀྱང་གཞས་དེ་ལེན་ཤེས་ཀྱི་འདུག ཁོང་ལ་དུས་རབས་གསར་པའི་བདེ་སྐྱིད་འཚོ་བའི་མྱོང་ཚོར་ཧ་ཅང་ཟབ་ཅིང་། ཁོང་གིས་གཞས་དེ་གཏོང་སྐབས། བརྩེ་དུང་གིས་ཕྱུག་པ་དང་སེམས་འགུལ་ཐེབས་པ་ཞིག་རེད། ཁོང་གིས“ལོ་བཅུ་ཕྲག་གོང་། ང་ཚོའི་འཚོ་བ་ཧ་ཅང་སྐྱོ་པོ་རེད། འགྲིགས་ཤང་ལ་བྱེ་མ་སྐྱ་བོའི་ཡུལ་ཞེས་འབོད་སྲོལ་ཡོད། ཕར་ཚུར་བསྐྱོད་ན་གཙོ་བོར་ཐེར་གེ་གཏོང་བ་དང་རྐང་ཐང་ལ་འགྲོ་གི་ཡོད་ཅིང་། འཐུང་ཆུ་ཡང་གཙང་པོ་ནས་ལེན་པ་དང་ཁང་པ་ཡང་ཕལ་ཆེ་བ་ས་རྡོ་ལས་གྲུབ་པ་རེད། ད་ཆའི་འཚོ་བ་སྐྱིད་པོ་ནི་གུང་ཁྲན་ཏང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བ་ཞིག་ཡིན”ཞེས་བཤད།

    “‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན་མང་ཚོགས་ཀྱི་བསམ་པར་འགྱུར་ལྡོག་ཆེན་པོ་བྱུང་སོང་། ‘ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པ’ནི་འགྲིགས་ཤང་གི་མང་ཚོགས་ཀྱི་བརྩེ་སེམས་བརྟན་པོ་མཚོན་ལུགས་ཡིན། ཤང་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་སྔར་བས་ཆེ་རུ་སོང་ཁར། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། བརྟན་ལྷིང་སྲུང་སྐྱོང་། འཕེལ་རྒྱས་ལ་སྐུལ་གཏོང་བཅས་ནི་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་དང་རང་རྟོགས་བྱ་སྤྱོད་དུ་གྱུར་ཡོད”ཅེས་ཉི་མ་ཕུན་ཚོགས་ཀྱིས་གསར་འགོད་པར་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།