[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • སྐམ་ཐོག་གྲོང་ཚོའི་གནའ་དེང་གླེང་བ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |    རྩོམ་པ་པོ།   མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཤན་ཀན་གྱིས།    |    སྤེལ་དུས།   2019-08-10

    ▲ 1959ལོར་འཇོ་མདའ་རྫོང་ཡོངས་ལ་རླངས་འཁོར་3ལས་མེད” “ད་ཆ་སྒོ་འགྲམ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཡང་བགྲང་གིས་མི་ལངས་པ་འདུག”ཅེས་ལོ་87ལ་སླེབས་པའི་སྐམ་ཐོག་གྲོང་རྡལ་གྱི་དེ་སྔའི་ཀྲེན་ཀྲང་འཇམ་དབྱངས་ཚེ་རིང་གིས་བརྗོད།

    ▲ དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག དུད་ཚང་དབུལ་པོ་དཔལ་སྒྲོན་ཚང་གི་ནང་མི་5ཚང་མ་གྲོང་ཚོ་དང་བར་ཐག་སྤྱི་ལེ་10ཡོད་པའི་གྲོང་རྡལ་གྱི་སྨི་ངོས་གྲུ་124ཡོད་པའི་ཐོག་ཁང་ནང་སྤོས་ཡོད།

    ▲ 2018ལོར་སྐམ་ཐོག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་33ཚང་མ་དབུལ་སྒྲོལ་ཐུབ་ཡོད་ཅེས་སྐམ་ཐོག་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་པ་སངས་ཀྱིས་ངོ་སྤྲོད་བྱས།

    ▲ དང་ཐོག་གནས་ཚང་གཡར་བ་ནས་ད་ཆ་ཁང་མིག་བཞི་དང་ཉལ་ཁྲི་12དང་དེ་མིན་རྒྱ་ཟས་དང་། བོད་ཟས། སྐམ་ཐོག་གི་ཁྱད་ལྡན་སིལ་ཟས་བཅས་མཁོ་འདོན་ཐུབ་པའི་བར་འཕེལ་རྒྱས་བྱུང་ནས། 2018ལོར་ཉི་མ་ཚེ་རིང་གི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་300ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ཙམ་རག་ཡོད།

    ▲ 2019ལོའི་ཟླ་7པར་སྐམ་ཐོག་གྲོང་ཚོ་དེ་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་ཁག་དང་པོར་བདམས་པ།


    བོད་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་རྡལ་སྐམ་ཐོག་གྲོང་ཚོ་ནི་འབྲི་ཆུའི་ངོགས་སུ་ཆགས་ཡོད་ལ། བཅིངས་འགྲོལ་མ་བཏང་གོང་དེ་ནི་གྲོང་ཚོ་ཧ་ཅང་དབུལ་པོ་ཞིག་ཡིན་ཡང་། ད་ཆ་སྐམ་ཐོག་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་ལས་བརྒལ་ཡོད་པ་རེད། གྲོང་ཚོ་ཆུང་ཆུང་འདི་ལྟོས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་པོ་མི་དྲོས་པ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པ་འདིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་རིང་བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་དཔང་པོ་བྱས་ཡོད་པ་རེད།

    ལམ་བཟོས་ནས་འཕེལ་རྒྱས་ཀྱི་གོ་སྐབས་བྱུང་བ།

    ལོ་70ཡི་གོང་། འབྲི་ཆུ་ནི་བརྒལ་མི་ཐུབ་པའི་འགག་འཕྲང་བཙན་པོ་ཞིག་ཡིན་པས། དེ་སྒྲོལ་འདོད་ན་ཀོ་གྲུར་བརྟེན་པ་ལས་ཐབས་གཞན་མེད། “འཇོ་མདའ་རྫོང་ཧྲིལ་པོར་གཞུང་ལམ་ཡག་པོ་གཅིག་ཀྱང་མེད་སྟབས་ཕྱིར་བསྐྱོད་སྐབས་རྟ་བཞོན་པ་དང་ཡང་ན་རྐང་ཐང་མར་བསྐྱོད་དགོས་པས་རྫོང་གྲོང་དུ་སྐྱོད་པར་ཡང་ཉིན་བཞི་ལྔ་ཙམ་འགོར་གྱི་ཡོད། དཔུང་སྡེ་སླེབས་དུས་གྲོང་ཚོ་ཧྲིལ་པོར་ཀོ་གྲུ་9ལས་མེད་པ་ཚང་མ་བཅིངས་འགྲོལ་དམག་མི་འབྲི་ཆུ་སྒྲོལ་བར་ཕུལ་བ་ཡིན”ཞེས་ཚེ་དབང་ཕུན་ཚོགས་ཀྱིས་བརྗོད།

    ལམ་བཟོ་རུ་ཁག་ཅིག་ཀྱང་དཔུང་སྡེ་དང་འགྲོགས་ནས་སྐམ་ཐོག་གྲོང་ཚོར་འབྱོར་རྗེས་བོད་སྐྱོད་ལམ་ཆེན——རྒྱལ་ལམ་317བཟོས་པ་རེད། “ལམ་བཟོས་ཟིན་ཡང་རླངས་འཁོར་ཧ་ཅང་ཉུང་། 1959ལོར་འཇོ་མདའ་རྫོང་ཧྲིལ་པོར་རླངས་འཁོར་3ལས་མེད” “ད་ཆ་སྒོ་ཁ་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་ཡང་བགྲང་གིས་མི་ལངས་པ་འདུག”ཅེས་ལོ་87ལ་སླེབས་པའི་སྐམ་ཐོག་གྲོང་རྡལ་གྱི་དེ་སྔའི་ཀྲེན་ཀྲང་འཇམ་དབྱངས་ཚེ་རིང་གིས་བརྗོད།

    “འགྲིམ་འགྲུལ་ལེགས་སུ་ཕྱིན་པ་ལས་སྐམ་ཐོག་ལ་འཕེལ་རྒྱས་ཀྱི་གོ་སྐབས་མང་པོ་བྱུང་ཡོད”ཅེས་འཇོ་མདའ་རྫོང་འགྲིམ་འགྲུལ་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ཀྱིས་བརྗོད། སྒྱུར་བཅོས་སྒོ་དབྱེ་བྱས་རྗེས། སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས་འཇོ་མདའ་རྫོང་གི་འགྲིམ་འགྲུལ་ལས་ཀ་གཉེར་མཁན་དང་པོ་སྐམ་ཐོག་གྲོང་རྡལ་དུ་ཐོན་ནས། རྫོང་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་རུ་ཁག་དང་པོ་བཙུགས་པ་རེད། 2018ལོར་གྲོང་ཚོ་ཧྲིལ་པོར་དུད་ཚང་134ཡོད་པ་ལ་ཟོག་འདྲེན་རླངས་འཁོར་22དང་ལམ་ཐག་ཐུང་ངུའི་འགྲུལ་སྐྱེལ་མེན་པའོ་རླངས་འཁོར་15ཡོད་པ་རེད།

    རྒྱལ་ཁབ་ཀྱིས་བོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་གོ་སྐབས་དང་བསྟུན་ནས། སྐམ་ཐོག་གྲོང་རྡལ་གྱིས་2001ལོ་ནས་བཟུང་ཨར་ལས་རུ་ཁག་མང་དག་ཅིག་བཙུགས་ནས་ཆབ་མདོ་གྲོང་ཁྱེར་དང་འཇོ་མདའ་རྫོང་དུ་ཨར་པོ་རྒྱག་གི་ཡོད་པ་རེད།

    “ངས་ལོ་3གྱི་གོང་ལས་གྲྭ་འཛུགས་སྐྲུན་ཀུང་སི་ཞིག་བཙུགས་རྗེས་བོད་ཀྱི་ས་ཁུལ་ཁག་ཏུ་གྲོང་སྲིད་དང་། ཆུ་བེད། གཞུང་ལམ་སོགས་ཀྱི་ལས་གྲྭ་སྤེལ་བ་ཡིན། གྲོང་ཚོའི་ནང་གི་མི་30ལྷག་ཙམ་གྱིས་ངའི་ཀུང་སིར་ལས་ཀ་བྱེད་ཀྱི་ཡོད” གྲོང་མི་བསོད་བཀྲས་ལོ་རེར་སྒོར་ཁྲི་2000ལྷག་གི་ལས་གྲྭ་སྤེལ་བཞིན་ཡོད་པ་རེད།

    དབུལ་སྐྱོར་གནས་སྤོ་བྱས་རྗེས་འཚོ་བ་ལེགས་སུ་ཕྱིན་པ།

    གྲོང་ཚོའི་འདབས་ཀྱི་རི་རྩེ་ནས་ཐུར་དུ་བལྟས་ཚེ། སྐམ་ཐོག་གྲོང་ཚོ་གཙང་ཞིང་གྲལ་འགྲིག་ལ་གྲོང་ཚོའི་ལམ་གཡས་གཡོན་གྱི་བོད་བཟོའི་དམངས་ཁང་དག་ནི་རྒྱ་ཆེ་ཞིང་དཀར་ཆ་དོད་པོ་འདུག ད་ཆ་སྐམ་ཐོག་གྲོང་ཚོའི་མང་ཚོགས་ཚོ་རྒྱ་ཁྱོན་སྨི་ངོས་གྲུ་300ཡན་དང་ཁང་པ་ཐོག་གཉིས་མ་ཡོད་པ་མ་ཟད། ད་དུང་སྒོ་ར་ཡང་ཡོད་པའི་བོད་བཟོའི་ཁང་པའི་ནང་སྡོད་རྒྱུ་བྱུང་ཡོད་པ་རེད།

    དབུལ་སྐྱོར་སྲིད་ཇུས་ཀྱི་རོགས་སྐྱོར་འོག དུད་ཚང་དབུལ་པོ་དཔལ་སྒྲོན་གྱི་ནང་མི་5གྲོང་ཚོ་དང་བར་ཐག་སྤྱི་ལེ་10ཡོད་པའི་གྲོང་རྡལ་གྱི་སྨི་ངོས་གྲུ་124ཡོད་པའི་ཁང་པའི་ནང་སྤོས་པ་རེད། དེར་ཉལ་ཁང་གསུམ་དང་ཚོམས་ཆེན་གཅིག་ཡོད་པ་མ་ཟད། ད་དུང་ཆུ་གློག་དང་དྲ་བ་སོགས་ཀྱང་ཁྲིད་ཡོད་པ་རེད། གསར་འགོད་པ་དཔལ་སྒྲོན་ཁྱིམ་དུ་འཛུལ་སྐབས། དཔལ་སྒྲོན་གྱིས་ཡུལ་གཞན་དུ་སློབ་གྲྭ་འགྲིམ་བཞིན་པའི་བུ་ལ་བརྙན་ལམ་ནས་གསར་དུ་ཉོས་པའི་གོས་འཁྲུའི་འཕྲུལ་ཆས་དང་ཐབ་ཚང་ནང་གི་རླངས་ཐབ་བེད་སྤྱོད་བྱེད་སྟངས་སྐོར་འདྲི་བཞིན་འདུག

    “གྲོང་ཚོས་ང་ནགས་སྲུང་བར་བཀོད་སྒྲིག་བྱས་པས་ལོ་རེར་ཁ་གསབ་སྒོར་3000ལྷག་ཙམ་འདུག བུ་ཕྲུག་ཚོ་སློབ་གྲྭར་སྐྱོད་པར་ཡང་ལོ་རེ་བཞིན་རོགས་དངུལ་འདུག ཁྱོ་གས་ཨར་པོ་རྒྱག་ཡུལ་དུ་རླངས་འཁོར་གཏོང་གི་ཡོད་པས་ཟླ་རེའི་གླ་ཆ་ཡང་མི་ཉུང་བ་ཞིག་འདུག ཁྱིམ་གྱི་འཚོ་བ་སྔོན་ཆད་དང་བསྡུར་ན་ཧ་ཅང་ལེགས་སུ་ཕྱིན་ཡོད”ཅེས་དཔལ་སྒྲོན་གྱིས་བརྗོད།

    གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་ཆེད། གྲོང་ཚོ་གསར་པར་མ་དངུལ་སྒོར་ཁྲི་7000ལྷག་བཏང་ནས། དཔལ་སྒྲོན་སོགས་གྲོང་མི་ཚོར་སྡོད་ཁང་གསར་པ་བརྒྱབ་པ་མ་ཟད། ད་དུང་ཁྲོམ་གཞུང་གཡས་གཡོན་དུ་ཚོང་ཁང་188བརྒྱབ་ནས་དེ་དག་གི་བོགས་དངུལ་ཚང་མ་བསྡུར་ཚད་ལྟར་གྲོང་ཚོ་གསར་པའི་གྲོང་མི་ཚོར་བགོ་བཤའ་རྒྱག་གི་ཡོད་པ་རེད།

    “ཐོན་ལས་རོགས་སྐྱོར་དང་། སྣོད་བཅུད་ཁ་གསབ། སློབ་གསོ་འཕེལ་རྒྱས་སོགས་ཐབས་མང་མཉམ་སྤྱོད་བྱས་ནས། ཞིང་འབྲོག་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་བྱས་ཡོད” 2018ལོར་སྐམ་ཐོག་གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་33ཚང་མ་དབུལ་སྒྲོལ་བྱུང་ཡོད་ཅེས་སྐམ་ཐོག་གྲོང་རྡལ་གྱི་ཀྲེན་ཀྲང་གཞོན་པ་པ་སངས་ཀྱིས་ངོ་སྤྲོད་བྱས།

    ཡུལ་སྐོར་ཐོན་ལས་འཕེལ་རྒྱས་བཏང་བ།

    ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་དང་། རང་བྱུང་མཛེས་ལྗོངས། ཡུལ་སྲོལ་གོམས་གཤིས་སོགས་ལ་བརྟེན་ནས་སྐམ་ཐོག་གྲོང་རྡལ་དེ་བོད་དུ་ཡོང་མཁན་ཡུལ་སྐོར་བ་མང་པོ་ཞིག་གི་ཡུལ་སྐོར་གྱི་དམིགས་ས་དང་པོར་གྱུར་ཡོད་པ་རེད།

    “ཟླ་7ཚེས་19ཉིན་ནི་ངས་ནམ་ཡང་བརྗེད་མི་སྲིད” ལོ་8གོང་གི་ཉིན་དེ་ནས་བཟུང་། ཉི་མ་ཚེ་རིང་གིས་ཁྱིམ་ཚང་མགྲོན་ཁང་གཉེར་འགོ་ཚུགས་པ་རེད། སྐབས་དེར་སློབ་ཆེན་སློབ་མ་གསུམ་རྐང་ཐང་མར་སྐམ་ཐོག་བརྒྱུད་དེ་སྐྱོད་སྐབས་དེ་གར་ཞག་སྡོད་བྱས་པར། སེམས་རྩ་འཁོལ་བའི་ཉི་མ་ཚེ་རིང་གིས་ཇ་སྲུབས་མ་སོགས་ཀྱིས་སྣེ་ལེན་བྱས། ཕྱི་ཉིན་སློབ་མ་གསུམ་པོ་འགྲོ་ཁར་སྒོར་བཅུ་ཕྲག་ཁ་ཤས་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པའི་ཡི་གེ་བཞག་པས། ཁོང་གིས་ཁྱིམ་གྱི་ཉལ་ཁྲི་སྟོང་པས་ཡོང་འབབ་གསོག་ཐུབ་པ་གཞི་ནས་ཤེས་པ་རེད།

    དང་ཐོག་གནས་ཚང་གཡར་བ་ནས་ད་ཆ་ཁང་མིག་བཞི་དང་ཉལ་ཁྲི་12དང་དེ་མིན་རྒྱ་ཟས་དང་། བོད་ཟས། སྐམ་ཐོག་གི་ཁྱད་ལྡན་སིལ་ཟས་བཅས་མཁོ་འདོན་ཐུབ་པའི་བར་འཕེལ་རྒྱས་བྱུང་ནས། 2018ལོར་ཉི་མ་ཚེ་རིང་གི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་300ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་ཁེ་གཙང་སྒོར་ཁྲི་2ཙམ་བྱུང་ཡོད་པ་རེད།

    སྐམ་ཐོག་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་རིག་རྣམ་གྱིས་ངོ་སྤྲོད་བྱས་དོན། ཉེ་བའི་ལོ་ཤས་རིང་སྐམ་ཐོག་གྲོང་ཚོས་དམག་སྡེ་བཅོ་བརྒྱད་པའི་འབྲི་ཆུའི་རབ་ཁ་སོགས་མཚོན་བྱེད་དུ་བྱས་པའི་གསར་བརྗེའི་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་དེ། ས་གནས་དེ་གའི་དམངས་སྲོལ་ལ་བརྟེན་ནས་རང་གྲོང་ཚོ་ཆབ་མདོའི“རྒྱལ་གཅེས་དང་། དམངས་སྲོལ། རིག་གནས། སྣོད་བཅུད”བཅས་གཞི་གཅིག་ཏུ་འདུས་པའི་དམངས་སྲོལ་གྲོང་ཚོར་བཏོད་པ་དང་ཆབས་ཅིག སྐམ་ཐོག་གསར་བརྗེའི་གནའ་ཤུལ་སྤྱི་གླིང་དང་། ཡུལ་སྐོར་སྣེ་ལེན་ལྟེ་གནས། ལྗོངས་གཟིགས་སྒང་། རླངས་འཁོར་འཇོག་ས། ཡུལ་སྐོར་གསང་སྤྱོད་སོགས་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་པོ་བསྐྲུན་ཡོད། 2019ལོའི་ཟླ་7པར་སྐམ་ཐོག་གྲོང་ཚོ་དེ་རྒྱལ་ཡོངས་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ་ཁག་དང་པོར་བདམས་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།