[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • གངས་ལྗོངས་ས་མཐོ་ནས་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་མངོན།

    —— ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་རིང་གི་བོད་ལྗོངས་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་སྐོར་གྱི་དངོས་བྲིས།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།    |    རྩོམ་པ་པོ།   ཏོན་ཀྲེ་ཕུའུ་དང་། སྤེན་པ་ཚེ་རིང་། ལིའུ་ཧུང་མིང་།    |    སྤེལ་དུས།   2019-08-06

    ལོ་70ཡི་གོང་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་སྦྲཌ་བོད་ལྗོངས་ས་མཐོར་ཡང་དུས་དེ་ནས་བཟུང་སྐྱིད་པའི་ཉི་མ་ཤར།

    ལོ་70ཡི་རིང་ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོས་ཞི་བའི་བཅིངས་འགྲོལ་དང་། དམངས་གཙོའི་བཅོས་སྒྱུར། རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་སོགས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་བརྒྱུད་པ་དང་། སྤྱི་ཚོགས་ཀྱི་ལམ་ལུགས་ལ་གཞི་རྩའི་ཆ་ནས་འགྱུར་ལྡོག་བྱུང་བ། བྱ་གཞག་ཁག་ཕྱོགས་ཡོངས་ནས་དར་རྒྱས་གོང་འཕེལ་བྱུང་སྟེ། “དུས་ཐུང་ལོ་བཅུ་ཕྲག་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན”བཏོད་ཡོད།

    མིའི་ཕྱོགས་ཡོངས་ཡར་རྒྱས་དང་འགྱུར་ལྡོག་བྱུང་ཞིང་། རྟ་ཟོག་སེམས་ཅན་ལྟ་བུ་ནས་རང་ཁྱིམ་རང་བདག་བར།

    དཔྱིད་ཟླ་གསུམ་པར་ལོ་56ལ་སླེབས་པའི་སྐལ་བཟང་སྒྲོལ་དཀར་དུས་བཀག་བཞིན་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་ཕེབས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁུར་བཞིན་ཡོད།

    བསྟུད་མར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་གསུམ་གྱི་འཐུས་མི་གནང་མཁན་སྐལ་བཟང་སྒྲོལ་དཀར་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཁྲོམ་གཞུང་དོན་གཅོད་ཁྲུའུ་དར་དམར་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཡིན། “ལོ་མང་ལས་འགན་འཁུར་རིང་རང་ཉིད་ལ་བྱུང་བའི་མྱོང་ཚོར་ཟབ་ཤོས་ནི། ཏང་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་འདུག”དེ་སྔ་ཞིང་བྲན་གྱི་རྗེས་རབས་དང་། ད་ཆ་མི་དམངས་ཀྱི་འཐུས་མི་ཡིན་པའི་སྐལ་བཟང་སྒྲོལ་དཀར་གྱིས་སེམས་འགུལ་ཐེབས་བཞིན་དེ་ལྟར་གསུངས།

    བོད་རྒྱ་དབྱིན་གསུམ་གྱི་སྐད་ཤེས་པའི་ལྷག་པ་ཕན་ཐོགས་དེ་སྔ་ཡུལ་སྐོར་སྣེ་ཤན་པ་བྱེད་མྱོང་ཡོད། ད་ཆ་ཆེད་མངགས་བོད་ཀྱི་གཟིམ་སྤོས་ཞིབ་བཟོ་དང་ཕྱིར་ཚོང་བྱེད་མཁན་གྱི་ཁེ་ལས་མཁས་ཅན་ཞིག་རེད། ཁོང་གིས་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཨ་མས་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཞུས་ནས་ཧྲའན་ཤིས་ཞན་ཡང་སློབ་ཆེན་དུ་སློབ་གྲྭ་འགྲིམ་གནང་བ་རེད། ཨ་མའི་ཤུགས་རྐྱེན་བཟང་པོའི་འོག་ངས་ཆུང་བྱིས་པའི་དུས་ནས་ཚད་ལྡན་གྱི་སློབ་གསོ་དང་ལེན་བྱས་པ་ཡིན། བོད་ཀྱི་གཟིམ་སྤོས་ཐོན་སྐྱེད་ལོ་ལྔ་བྱས་རྗེས། ངས་ཚོགས་པའི་སྣེ་ཁྲིད་དེ་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གཟིམ་སྤོས་ཐོན་ལས་ནང་མཉམ་འདྲེས་བྱས་ཏེ། དཀར་སྤོས་ཐོན་སྐྱེད་བྱེད་འགོ་ཚུགས་པ་ཡིན་ཞེས་བཤད། མིག་སྔར་ལོ་རེའི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་450ཟིན་གྱི་ཡོད་པ་རེད།

    ད་ཆ་བོད་ཀྱིས་སློབ་ཞུགས་གོང་གི་སློབ་གསོ་དང་། རྨང་གཞིའི་སློབ་གསོ། ལས་རིགས་སློབ་གསོ། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ། དམིགས་བསལ་སློབ་གསོ་བཅས་ཚུད་པའི་ཅུང་འཐུས་ཚང་གི་དེང་རབས་སློབ་གསོའི་མ་ལག་ཅིག་བསྐྲུན་ཟིན་པ་དང་། མི་རིགས་ཁག་གི་མི་དམངས་ཀྱི་སློབ་གསོ་དང་ལེན་བྱེད་དབང་འགན་ལེན་གང་ལེགས་ཐུབ་ཡོད། 2012ལོ་ནས་བཟུང་བོད་ཀྱིས་སློབ་ཞུགས་གོང་ནས་མཐོ་རིམ་སློབ་འབྲིང་དུས་མཚམས་བར་གྱི་ལོ་15ཡི་རིང་གི་འོས་འགན་སློབ་གསོའི་སློབ་ཡོན་མི་དགོས་པའི“འགན་ལེན་གསུམ”གྱི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། 2018ལོར་སླེབས་སྐབས་མི་རེའི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ལོ་9.55ཟིན་གྱི་ཡོད་པ་རེད།

    འདི་ལོའི་ཟླ་གསུམ་པའི་ཟླ་སྟོད་དུ་ལོ་40ལྷག་ཙམ་བོད་ལྗོངས་ཀྱི་སྐམ་སའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོང་བེད་སྤྱོད་དང་འཕེལ་རྒྱས་ཞིབ་འཇུག་ལས་ཀར་གཞོལ་མཁན་ཞིབ་འཇུག་པ་ལིའུ་ཝུའུ་ལིན་ལ་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་གྱི་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་ཐོབ་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཚན་རིག་ལག་རྩལ་བྱ་དགའ་བཙུགས་རྗེས་ཕུལ་བྱུང་ལེགས་སྐྱེས་བྱ་དགའ་དཔྱད་འདེམས་བྱེད་ཐེངས་ཐོག་མ་དེ་རེད། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་བདེ་ཆེན་པད་སྒྲོན་དང་ཚེ་བརྟན་སྒྲོལ་མ་སོགས་བོད་རིགས་ཀྱི་ཚན་ཞིབ་མི་སྣ་7ལའང“བོད་ལུགས་གསོ་རིག་གི་ལྟོ་སྦྱོང་གིས་མཁྲིས་པ་རྩ་རྒྱུག་ནད་བཅོས་ཐབས”ཀྱི་ནད་ཐོག་ཞིབ་འཇུག་གྲུབ་འབྲས་ལ་བྱ་དགའ་རིམ་པ་གསུམ་པ་རག་པ་རེད།

    བོད་ལྗོངས་སློབ་ཆེན་དེང་རབས་སློབ་གསོ་ལག་རྩལ་ལྟེ་གནས་ཀྱི་ཀྲུའུ་རེན་དགེ་རྒན་ཆེ་མོ་བ་ཉི་མ་བཀྲ་ཤིས་1988ལོར་ཧྲང་ཧའེ་ཧྭ་ཏུང་དགེ་འོས་སློབ་ཆེན་རྩིས་འཁོར་ཚན་རིག་ཚན་ཁག་ནས་སློབ་མཐར་ཕྱིན། ལོ་30ལྷག་ཙམ་རིང་ཁོང་གིས་ཚོགས་པའི་སྣེ་ཁྲིད་དེ་དཀའ་བ་དུ་མ་ཁྱད་བསད་གནང་ནས། བོད་ཡིག་དེ་རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་ཡི་གེའི་ཁྲོད་དུ་རྒྱལ་སྤྱིའི་ཚད་གཞི་ལྡན་པ་དང་གོ་ལ་ཧྲིལ་པོའི་ཆ་འཕྲིན་གྱི་འགྲོས་དང་མཐུན་པའི་ཡིག་རིགས་ཐོག་མར་གྱུར་ཐབས་མཛད།

    ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ཀན་ཧྲེ་གཞོན་པ་ལན་ཤང་མིན་གྱིས། རྒྱལ་ཁབ་དབུ་བརྙེས་ནས་ལོ་70སོང་རིང་བོད་ཀྱི་འགྱུར་ལྡོག་ཆེ་ཤོས་ནི་མིར་འགྱུར་ལྡོག་ཆེ་ཤོས་བྱུང་ཡོད། མི་ཚང་མ་འདྲ་མཉམ་བྱུང་ནས་མི་དམངས་རྣམས་རང་ཉིད་རང་གི་བདག་པོར་གྱུར་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱིས་བྱས་རྗེས་རླབས་པོ་ཆེ་བཏོད་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་གྲུབ་འབྲས་ཐོན་པའི་ལམ་བུར་བསྐྱོད་ཡོད།

    དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་འཕེལ་རྒྱས་དང་ཡར་ཐོན་བྱུང་ཞིང་། གང་ཡང་མེད་པ་ནས་གང་དགོས་ཚང་མ་འཛོམས་པའི་བར།

    ད་ཆ་བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་ལམ་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་རྒྱ་ཞིག་རིམ་གྱིས་གྲུབ་ཡོད། ན་ནིང་ལོ་མཇུག་བར་བོད་ཀྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཐག་སྤྱི་ལེ་ཁྲི་9.78ཟིན་པ་དང་། ལྗོངས་ཡོངས་ཀྱི་རྫོང་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་། བསྐྲུན་ཟིན་པ་དང་མཁའ་ལམ་ཤར་གཏོང་ཐུབ་པའི་གནམ་གྲུ་ཐང་ལྔ་ཡིས་རྒྱལ་ནང་དང་རྒྱལ་སྤྱིའི་མཁའ་ལམ་92བཏོད་པ། 2006ལོར་མཚོ་བོད་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་རྗེས་བོད་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་དང་། 2014ལོར་ལྷ་ས་ནས་གཞིས་རྩེ་བར་ལྕགས་ལམ་བསྐྲུན་པ། ད་ཆ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལ་ལྕགས་སྒྲོམ་འདིང་བཞིན་ཡོད།

    —— བོད་ཀྱི་ཞིང་འབྲོག་ལས་ཀྱི་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་ཞིང་། 2018ལོར་བོད་ལྗོངས་ཞིང་ནགས་འབྲོག་དང་ཉ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་134.14ཟིན་ནས་འབྲུ་རིགས་ཀྱི་ཐོན་ཚད་ཏུན་ཁྲི་104.9ཟིན་ཡོད། ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་ཆུང་བ་ནས་ཆེ་བའི་བར་དང་མགྱོགས་མྱུར་འཕེལ་རྒྱས་བྱུང་ཡོད། བོད་ལྗོངས་ས་མཐོའི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་ཀྱི་སྤུས་རྟགས་གཏོད་རྒྱུར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།

    —— དེང་རབས་བཟོ་ལས་མེད་པ་ནས་ཡོད་པའི་བར་ནས་ཟམ་མི་ཆད་པར་རྒྱ་སྟོབས་ཆེ་རུ་ཕྱིན་ཞིང་། བོད་ལྗོངས་ཀྱིས་ནུས་རྒྱུ་དང་། ཡང་བའི་བཟོ་ལས། བཟའ་བཅའ་ལས་སྣོན། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིག་སོགས་རིགས་20ལྷག་ཙམ་གྱི་དེང་རབས་བཟོ་ལས་མ་ལག་གཅིག་བསྐྲུན་ཟིན་པ་དང་། བཟོ་ལས་ཀྱི་རིན་ཐང་འཕར་མ་1959ལོའི་སྒོར་དུང་ཕྱུར་0.15ནས་2018ལོའི་སྒོར་དུང་ཕྱུར་114.51བར་འཕར་བ་རེད།

    —— ཐོན་ལས་གསུམ་པ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ནས་ཁུལ་ཡོངས་ཡུལ་སྐོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་ཅིང་། 2018ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3368.73ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་190.14བྱུང་ཡོད།

    2018ལོར་བོད་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1477.63ཟིན་པ་དེ་དུས་མཚུངས་ལས་9.1%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་དང་གྲོང་གསེབ་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་33797དང་11450ཟིན་ཡོད། དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མི་དམངས་ལ་ཕན་པ་གང་ལེགས་ཐོབ་ནས་དམངས་འཚོའི་ཉི་འོད་ས་མཐོའི་ས་གཞི་ཆེན་པོར་འཕྲོས་ཡོད།

    —— སྨན་བཅོས་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པས་བོད་ཀྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་དེ་སྔའི་ལོ་35.5ནས་ད་ལྟའི་ལོ་68.2བར་མཐོ་རུ་ཕྱིན་པ།

    —— མི་ཚང་མར་གློག་སྤྱོད་རྒྱུ་མངོན་འགྱུར་རགས་ཙམ་ཐུབ་ནས་ལྗོངས་ནང་ཁུལ་གྱི་གློག་དྲ་གཙོ་བོ་རྫོང་དང་ཆུས་62བར་ཁྱབ་པ།

    —— སྡོད་ཁང་གི་ཆ་རྐྱེན་དང་སྡོད་མལ་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ནས་མང་ཚོགས་མང་ཆེ་བ་བདེ་འཇགས་དང་སྤྱོད་མཁོ་ཆོད་པའི་ཁང་པའི་ནང་སྡོད་རྒྱུ་བྱུང་ཞིང་། ཉེ་བའི་ལོ་10ཙམ་རིང་མ་དངུལ་སྒོར་དུང་ཕྱུར་60.35ཙམ་གྲོང་ཚོ་དྲུག་སྟོང་ལྷག་གི་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་ལས་དོན་ལ་བཏང་ཡོད།

    —— སྲོལ་རྒྱུན་གྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱུང་ནས་རིག་གནས་ཐོན་རྫས་ཉིན་བཞིན་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། རླུང་འཕྲིན་དང་བརྙན་འཕྲིན་མི་འབོར་ལ་ཕྱོགས་བསྡུས་ཁྱབ་ཚད་97.1%དང་98.2%སོ་སོར་ཟིན་པ་དང་རིག་གནས་ཐོན་ལས་ཀྱི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་46ཟིན་གྱི་ཡོད།

    —— སྤྱི་ཚོགས་འགན་སྲུང་མ་ལག་ཟམ་མི་ཆད་པར་ལེགས་སུ་ཕྱིན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་ཕྱོགས་ཡོངས་ནས་བཙུགས་པ་དང་། སྤྱི་ཚོགས་འགན་སྲུང་སྣ་ཚོགས་ནང་ཞུགས་མཁན་མི་ཐེངས་ཁྲི་370.7ཟིན་ཡོད།

    དབུལ་སྒྲོལ་འགག་སྒྲོལ་ནི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམངས་འཚོའི་འདུ་འགོད་ཨང་དང་པོ་དེ་ཡིན། 2018ལོའི་ལོ་མཇུག་བར་རིམ་རྩིས་བྱས་ན། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་23.6གནས་སྤོས་བྱས་པ་དང་། མིག་སྔར་མི་ཁྲི་47.8དབུལ་སྒྲོལ་བྱུང་བ། རྫོང(ཆུས)55ཡི་དབུལ་ཞྭ་ཕུད་པ། དབུལ་པོ་ཐོན་ཚད་ལོ་ལྔའི་གོང་གི་35.2%ནས་8%བར་ཆག་ཡོད།

    དུས་རབས་གསར་པར་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་ཡོད་ཅིང་། འཕེལ་རྒྱས་མྱུར་པོ་ནས་ལྗང་མདོག་གསར་གཏོད་ཀྱི་འཕེལ་རྒྱས་བར།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ཡན་ཟིན་པའི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནི་བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བར་གནས་པ་དང་། དེ་ནི་གཙོད་དང་། རྐྱང་། འབྲོང་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་ཞིང་ཁམས་རེད། ད་ཆ་མཚོ་གཉིས་རྫོང་གིས“སྣོད་བཅུད་རྫོང་དར་དང་སྣོད་བཅུད་དམངས་ཕྱུག”གི་འཕེལ་རྒྱས་རྣམ་པ་འཚོལ་ཞིབ་བྱེད་བཞིན་ཡོད། ས་བབ་མཐོ་བའི་ས་ཁུལ་གྱི་རང་བྱུང་གི་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིར་སྲུང་སྐྱོང་བྱེད་ཆེད། རྫོང་དེས་ཕོ་རོག་གངས་རིའི་ཡུལ་སྐོར་གྱི་ལེ་ལག་ཚང་བའི་རྣམ་གྲངས་འཛུགས་སྐྲུན་དང་ཡུལ་སྐོར་སྣེ་ལེན་ཞབས་ཞུ་བྱེད་མཚམས་བཞག་ཡོད།

    བོད་རང་སྐྱོང་ལྗོངས་ཀྱིས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཡར་རྒྱས་ཆེན་པོ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུར་དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད།

    ལོ་58ལ་སླེབས་པའི་དཔལ་འབྱོར་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་སྡོང་ཕྲུག་རྟེན་གཞི་ཞིག་གི་འགན་འཁུར་བ་རེད། ལོ་བཅུ་གྲངས་རིང་དཔལ་འབྱོར་གྱིས་ཤིང་སོན་ཁྲི་བརྒྱ་གྲངས་མང་པོ་འདེབས་གསོ་བྱས་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་ནས་མངའ་རིས་དང་གཞིས་རྩེ་སོགས་ས་ཆ་བར་བཙུགས་ཡོད་པ་དེས་མཚོ་བོད་ས་མཐོའི་གང་སར་སྔོ་ལྗང་གོས་ཀྱིས་བཀླུབས་པ་མ་ཟད། ད་དུང་ཁོང་དང་ནང་མིར་ལོ་ལྟར་ཡོང་འབབ་སྒོར་ཁྲི་བཅུ་གྲངས་རག་ཡོད།

    བོད་ཀྱི་གསར་སྤེལ་མི་ཆོག་པ་དང་གསར་སྤེལ་ཚོད་འཛིན་ས་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་80ལྷག་ཙམ་ཟིན་པ་དེས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་70%བཟུང་གི་ཡོད། བོད་དུ་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་47བཙུགས་པའི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་ངོས་གྲུ་ཁྲི་42ཟིན་པ་དེས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་34%བཟུང་གི་ཡོད།

    སྤོ་བོ་རྫོང་བོད་ཀྱི་ཤར་ལྷོའི་རྒྱུད་དུ་གནས་པ་དང་། དེ་གར་མཚོ་བོད་ས་མཐོའི་འཁྱགས་རོམ་གཅིག་སྡུད་ཁུལ་ཆེ་ཤོས་གནས་ཡོད། ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་རིང་སྤོ་བོ་རྫོང་གིས་སྣོད་བཅུད་ཀྱི་ལེགས་ཆ་དང་ལྗང་མདོག་འཕེལ་རྒྱས་སྟོན་ཕྱོགས་སུ་བྱས་ནས། ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ཏེ་འཁྱགས་རོམ་གྱི་ལྟ་སྐོར་སྤྲོ་གསེང་གི་སྤུས་རྟགས་བཏོད་ཡོད། ལོ་55ལ་སླེབས་པའི་གྲོང་མི་བཀྲ་ཤིས་རྣམ་རྒྱལ་རྟ་ཁྲིད་ནས་ཡུལ་སྐོར་བ་བསུས་ཏེ་ལོག་མ་ཐག་ཡིན་པ་དང་། ཆུ་ཚོད་ཕྱེད་ཀའང་ངལ་གསོ་ལོང་མེད་པར་འགྲོ་དགོས་བྱུང་། “ཡུལ་སྐོར་བས་རྟ་ལ་བཞོན་ཐེངས་རེར་སྒོར་100སྤྲོད་དགོས་པ་དང་། རྟ་དྲེལ་རུ་ཁག་གི་དུད་ཚང་རེར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་5ལྷག་ཙམ་རག་གི་ཡོད”ངའི་ནང་མི་3མཛེས་ལྗོངས་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད་པས་ལོ་རེར་ཡོང་འབབ་སྒོར་ཁྲི་12ལྷག་ཙམ་ཡོང་གི་འདུག་ཅེས་ཁོང་གིས་བཤད་བྱུང་།

    2007ལོར་བོད་ལྗོངས་སློབ་ཆེན་དངོས་གཞིའི་ཚན་ཁག་ནས་ཐོན་རྗེས་ཕྱི་རྒྱལ་དུ་རྩིས་རྒྱག་འཕྲུལ་འཁོར་གྱི་ཆེད་ལས་རབ་འབྱམས་ཞིབ་འཇུག་སློབ་མ་འགྲིམ་པའི་བོད་རིགས་ཀྱི་གཞོན་ནུ་འཇིགས་མེད། ན་ནིང་རྒྱལ་ནང་དུ་ལོག་སྟེ་ལྷ་སར་རྩེ་ནན་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ནས་གྲངས་གཞིའི་སྨྱན་སྦྱོར་ཁྱབ་ཁོངས་ལག་རྩལ་གསར་སྤེལ་དང་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་འབྲེལ་བོད་རྒྱ་དབྱིན་གསུམ་གྱི་ལེ་ལག་ཚང་བའི་མཉེན་ཆས་ཀྱི་འབྲེལ་ཡོད་ཆ་འཕྲིན་ཐད་ཞབས་འདེགས་ཞུ་ཡི་ཡོད། “ང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་བ་ཞིག་ཡིན། ཉེ་བའི་ལོ་གཉིས་རིང་བོད་ཀྱི་གསར་གཏོད་ལས་གཏོད་ཀྱི་འབྲེལ་ཡོད་སྲིད་ཇུས་ཡག་པོ་ཡོད་པས། ཡུལ་དུ་ལོག་ནས་ལས་གཏོད་བྱས་པ་ཡིན”ཞེས་ཁོང་གིས་བཤད།

    བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་གྲངས་གཞི་ལས་མངོན་གསལ། མིག་སྔའི་བར་བོད་དུ་གཉིས་གཏོད་བྱས་ཟིན་པའི་རྟེན་གཞི་ཁག་74ཡོད་པའི་ནང་རྒྱལ་ཁབ་རིམ་པ་3དང་རང་སྐྱོང་ལྗོངས་རིམ་པ་23ཡོད། གཉིས་གཏོད་རྟེན་གཞི་སྣ་ཚོགས་ལ་དོ་དམ་བྱེད་མཁན་536ཡོད་པ་དེས། གསར་གཏོད་ལས་གཏོད་ཚོགས་པ་དང་ཁེ་ལས་1338དེའི་ནང་ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། མི་གྲངས་14000ལྷག་ཙམ་ལས་ཞུགས་བྱས་པ་དང་། དེའི་གྲས་སུ་མཐོ་སློབ་སློབ་ཐོན་མ་སློབ་མ་2100ལྷག་ཙམ་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།