[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • དེ་སྔོན་བུ་ལོན་འཇལ་ནས་འཇལ་མི་ཚར། ད་ཆ་སྲིད་ཇུས་བཟང་པོའི་ཁ་གསབ་མང་།

    ཡར་ལངས་ཞིང་བྲན་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྟོང་རྭ་ཤང་འབྲི་ལུང་གྲོང་ཚོའི་ཚེ་རིང་དབང་ཕྱུག་གི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    642936_yis_1563335959552.jpg

    འདི་ནི་ཚེ་རིང་དབང་ཕྱུག(དཀྱིལ)གིས་བུ་ཆུང་བ་ལྷ་རྒྱལ(གཡོན)བཟའ་ཚོར་བོད་གསར་རྙིང་གི་འགྱུར་ལྡོག་བརྗོད་བཞིན་པ།

    642937_yis_1563335959902.jpg

    (རྩ་གཉིས་ཨང་རྟགས་འདི་བཤེར་ན་བརྙན་ཐུང་བལྟ་ཐུབ)

    མི་སྣའི་རྒྱབ་ལྗོངས།

    ཚེ་རིང་དབང་ཕྱུག 1931ལོའི་ཟླ་6པར་སྐྱེས། ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྟོང་རྭ་ཤང་འབྲི་ལུང་གྲོང་ཚོའི་གྲོང་མི། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། ཚེ་རིང་དབང་ཕྱུག་གི་ཁྱིམ་དུ་ནང་མི་3ཡོད་པ་ཚང་མ་འབྲི་ལུང་གཞིས་ཀའི་ཞིང་བྲན་ཡིན་ཞིང་། ཚེ་རིང་དབང་ཕྱུག་གིས་ཁྲལ་འུལ་ལྕི་པོ་འཁུར་དགོས་པ་དང་གང་སར་བུ་ལོན་དང་ཁྲལ་འུལ་འདེད་པར་འགྲོ་དགོས་པ་མ་ཟད་ད་དུང་ཕ་མེས་དང་ཐ་ན་ཡང་མེས་ནས་ཆད་པའི་བུ་ལོན་འཇལ་དགོས་སྟབས་འཚོ་བར་དཀའ་སྡུག་ཧ་ཅང་ཆེན་པོ་ཡོད།

    དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཚེ་རིང་དབང་ཕྱུག་ནང་མི་རྣམས་ལ་ས་ཞིང་ཁག་6དང་། ར་ལུག་25 འབྲི་གཡག་2བཅས་རག དུས་རབས་གོང་མའི་ལོ་རབས་དྲུག་ཅུ་པའི་རྗེས་སུ་ཁོང་གིས་སྔ་རྗེས་སུ་ཁང་པར་ཉམས་གསོ་དང་རྒྱས་སྐྲུན་ཐེངས་4བྱས་པ་དང་། 2006ལོར་ཁོང་ལ་སྲིད་གཞུང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི་1.5རག་ནས་བདེ་སྡོད་ཁང་པ་བརྒྱབ། ད་ཆ་ཁོང་གི་བུ་ཕྲུག་གསུམ་ཀ་ཁྱིམ་ཐབ་བཟུང་ནས་ནང་མི་ཚང་མ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་མཆིས།

    ཞིང་ཆེན་ལམ་བུ་101བརྒྱུད་སྣ་དཀར་རྩེ་རྫོང་ཕྱོགས་སུ་བསྐྱོད་དེ་ཆོས་སྡེ་དགོན་གྱི་ལམ་ཁ་ནས་རི་ལམ་ཀྱག་ཀྱོག་འདེད་དེ་སྨི་5000ཟིན་པའི་ཉག་ཁ་སྒྲོལ་རྗེས་ས་བབ་མཐོ་ཚད་སྨི་4458ཟིན་པའི་སྟོང་རྭ་ཤང་འབྲི་ལུང་གྲོང་ཚོར་སླེབས།

    “དེ་སྔ་ཞིང་བྲན་བདག་པོའི་གཉེར་པས་ང་ཚོར་དོ་དམ་ནན་པོ་བྱེད་ཀྱི་ཡོད”ཅེས་ཚེ་རིང་དབང་འདུས་ཀྱིས་གསར་འགོད་པར་བཤད་ཅིང་། དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་། འབྲི་ལུང་གྲོང་ཚོར་འབྲི་ལུང་གཞིས་ཀ་ཞེས་འབོད་པ་དང་ཁྲལ་པ་དུད་ཚང་12ཡོད་པའི་ནང་དུད་ཚང་9ཡིས་ཞིང་ཁ་འདེབས་པ་དང་3གྱིས་ཕྱུགས་རིགས་འཚོ་ཡི་ཡོད་ཅིང་། དེ་དག་ཚང་མ་སྐྱིད་ནགས་གཞིས་ཀའི་དོ་དམ་བྱེད་ཁོངས་སུ་གཏོགས་ཀྱི་ཡོད།

    “གཉེར་པས་གཙོ་བོ་ཁྲལ་པ་བགོས་ཏེ་ཞིང་འབྲོག་ལས་ཐོན་སྐྱེད་དང་ཁྲལ་འུལ་བསྡུ་བར་གཏོང་གི་ཡོད”“དེ་སྔའི་ཁྲལ་ནི་ཧ་ཅང་མང་པོ་རེད། ར་ལུག་གསོས་མེད་ཀྱང་སྣམ་བུ་སྦུག་3དང་། ར་ལུག་གི་སྨད་འཁོགས་2 མར་སྤྱི་རྒྱ་2.5བཅས་འཇལ་དགོས་ཀྱི་ཡོད། གལ་ཏེ་མེད་ཚེ་བཟའ་འབྲུ་འཇལ་དགོས། ཁ་ལ་མ་ཉན་ཚེ་ཁོང་ཚོས་སྐྱིད་ནགས་གཞིས་ཀ་ནས་མི་འབོད་དེ་ཉེས་ཆད་གཏོང་གི་ཡོད”ཅེས་བོད་རྙིང་པའི་ཁྲལ་འུལ་སྐོར་གླེང་སྐབས་ཚེ་རིང་དབང་ཕྱུག་གིས་ངར་ངར་ཤོར་ཤོར་ངང་བརྗོད།

    ཚེ་རིང་དབང་ཕྱུག་གིས“ཉེས་ཆད་ལྕི་པོ་གཏོང་གི་ཡོད། ལྕག་ཚན་གཞུ་བ་ནི་ཡང་བའི་གྲས་རེད། སྡུག་པའི་རིགས་ལ་ལག་ལྕགས་རྐང་ལྕགས་བརྒྱབ་ནས་འཇུག་གི་ཡོད”ཅེས་བཤད།

    ཉེས་རྡུང་གཟེད་མི་འདོད་ན་ཀ་ཀོར་མེད་པར་ཁྲལ་འཇལ་དགོས། ཁྲལ་འཇལ་བའི་ཆེད་དུ་ཚེ་རིང་དབང་ཕྱུག་བུ་ལོན་གྱི་རྐུབ་རུལ། ཁོང་ལོ་25ལ་སླེབས་སྐབས་འབྲི་ལུང་གཞིས་ཀའི་ཁྲལ་པ་ཞིག་ཏུ་གྱུར་ནས་ས་ཞིང་8བོགས་མར་བླངས་ཏེ་འདེབས་ཀྱི་ཡོད་པར་ལོ་གཅིག་ལ་འབྲུ་ཁལ་30(ཁལ་1ལ་སྤྱི་རྒྱ་14ཙམ་ཡིན)ལྷག་ཙམ་བསྡུ་ཡི་ཡོད་པས་ཁྲལ་འཇལ་རྗེས་འབྲུ་ཁལ་ལྔ་དྲུག་ཙམ་ལས་ལྷག་གི་མེད།

    “མ་གཞི་གཏན་འབེབས་གཞིར་བཟུང་ཐོན་འབབ་ཀྱི་ཕྱེད་ཀ་བསྐྱལ་ན་འགྲིག་མོད། ཡིན་ནའང་ཕ་མེས་ཡང་མེས་ནས་ཆད་པའི་བུ་ལོན་ཡང་ངས་འཇལ་དགོས། དེ་དག་ནི་བུ་ལོན་ག་ནས་ཡིན་པ། སྐྱེད་ལ་སྐྱེད་རྒྱག་གིས་དངོས་གནས་མཐིལ་མཐོང་རྒྱུ་མེད་པའི་ས་དོང་རང་རེད”ཅེས་བུ་ལོན་སྐོར་གླེང་སྐབས་ཚེ་རིང་དབང་ཕྱུག་ལ་དཀའ་སྡུག་ཚད་མེད་བགྲང་རྒྱུ་འདུག

    ཚེ་རིང་དབང་ཕྱུག་གིས“བཟའ་འབྲུ་ཁལ་ལྔ་དྲུག་སྟོན་མཇུག་འགྲིལ་ནས་རིང་པོ་མ་སོང་བར་བཟས་ཚར་ཏེ་གཏན་ནས་འདང་གི་མི་འདུག དཔྱིད་འདེབས་སྐབས་གང་སར་སོན་གཡར་བར་འགྲོ་དགོས་སྟབས་བུ་ལོན་དེ་བས་མང་བ་ཟུག་གི་ཡོད”ཅེས་བཤད།

    ཕྱིས་སུ། ཚེ་རིང་དབང་ཕྱུག་གིས་ལྐོག་ཏུ་ས་ཞིང་གཉིས་གཏའ་མར་བཞག་ནའང་བུ་ལོན་གཙང་འཇལ་ཐུབ་མེད། ཁོང་གིས་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ངར་བཟའ་འབྲུ་ཁལ་50ལྷག་ཙམ་དང་དངུལ་ཊམ་10ལྷག་ཙམ་བུ་ལོན་ཟུག་ཡོད་ཅེས་གསར་འགོད་པར་བརྗོད་བྱུང་།

    ཚེ་རིང་དབང་ཕྱུག་གིས“ལྟོས་གྲོད་པ་མི་རྒྱགས་པ་མ་ཟད་གོས་ཀྱིས་ལུས་དེ་བས་ཀྱང་དྲོས་ཀྱི་མེད། གྱོན་པ་ནི་ལྷན་ཐོག་ལྷན་བརྩེགས་ཡིན་པས་ལོ་འགའ་ཤས་སོང་རྗེས་གྱོན་པ་རྣམས་ལྕི་རུ་འགྲོ་ཡི་ཡོད”ཅེས་བཤད།

    “སྡོད་སའང་ཧ་ཅང་སྐྱོ་པོ་ཡོད། མ་གཞི་ཕ་མེས་ནས་ས་ཕག་ཁང་པ་5བཞག་ཡོད་ནའང་ཚང་མ་ཐོག་དཔངས་དམའ་ལ་གོག་ཧྲུལ་ཡིན་པས་ལྷས་ར་དང་ཁྱད་ག་ལ་ཡོད”ཅེས་ཚེ་རིང་དབང་ཕྱུག་གི་བཤད།

    ཚེ་རིང་དབང་ཕྱུག་ཁོང་ཁྲོ་ཟ་ཤོས་ཤིག་ནི་གངས་དཀར་སེམས་ལ་སྡུག་ཡོད་ཀྱང་ཤོད་ས་མེད་པ་དེ་རེད། “སྡུག་ཡུས་ཕྲན་བུ་བཤད་ཀྱང་ཁོང་ཚོའི་ཉེས་རྡུང་ཕོག་སྲིད། མི་ཁག་གཅིག་གི་ལྕེའང་ཁོང་ཚོས་བྲེག་པ་གོ་ཐོས་བྱུང་། དཀའ་སྡུག་འདི་འདྲའི་འོག་ཏུ་བྲོས་མ་ཕོད་ལ་གང་དུ་བྲོས་དགོས་པའང་དེ་བས་མི་ཤེས”ཅེས་བཤད།

    མཐར་དམངས་གཙོའི་བཅོས་སྒྱུར་བྱས་སོང་། ཁོང་གིས་དམངས་གཙོའི་བཅོས་སྒྱུར་སྐབས་ངའི་ཁྱིམ་ལ་ས་ཞིང་6དང་། ར་ལུག་25 འབྲི་གཡག་2བཅས་རག་བྱུང་ཞེས་གསར་འགོད་པར་བཤད།

    “བགོ་བཤའ་བརྒྱབ་པའི་ས་ཞིང་ཚང་མ་དེ་སྔོན་རང་ཉིད་ཀྱིས་འདེབས་པའི་ས་ཞིང་དྲུག་པོ་དེ་དག་རེད”ཅེས་ཚེ་རིང་དབང་ཕྱུག་གིས་གསར་འགོད་པར་བཤད་ཅིང་། ཁོང་དེ་བས་དགའ་འོས་པ་ཞིག་ནི་དེ་སྔོན་ཆད་པའི་བུ་ལོན་རྣམས་ཀྱང་འཇལ་དགོས་མེད་པ་དེ་རེད། དེར་བརྟེན་མཚན་མོ་འགའ་ཁོང་དགའ་ཚོར་གྱིས་གཉིད་ཀྱང་ཡག་པོ་ཁུག་མེད།

    རང་ཉིད་ལ་དབང་བའི་ས་ཞིང་ཡོད་པས་ཚེ་རིང་དབང་ཕྱུག་གི་ཞིང་ཁ་འདེབས་པའི་ཧུར་སེམས་ཇེ་ཆེར་འཕེལ་བ་དང་འབྲུ་རིགས་ཐོན་འབབ་ཀྱང་ཧ་ཅང་མཐོ་རུ་སོང་། བརྩོན་འགྲུས་ཅན་ལ་བསླུ་བ་མེད་ཅེས་པ་ལྟར། དམངས་གཙོའི་བཅོས་སྒྱུར་ལས་དོན་ཚོགས་ཆུང་གིས་ཁོང་གྲོང་མི་ཚོགས་ཆུང་གི་ཙུའུ་ཀྲང་ལ་བསྐོས་པ་མ་ཟད། 1962ལོར་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    2011ལོར་ཆུ་ལོག་ཐོན་ནས་ཁོང་གི་ཁང་པ་ཆུས་ཁྱེར་ནའང་སྡོད་ས་མེད་པ་མིན།

    “གྲོང་ཚོས་གྲོང་ཚོ་ཨུ་ལྷན་དུ་ང་ཚོ་སྡོད་དུ་བཅུག་ཁར་ཟས་གོས་ལའང་སེམས་ཁྲལ་མེད་པར་གྱུར། 2006ལོར་སྲིད་གཞུང་གིས་ཁ་གསབ་སྒོར་ཁྲི་1.5སྤྲད་ནས་རང་ཁྱིམ་ལ་བདེ་སྡོད་ཁང་པ་གསར་པ་བརྒྱབ་སོང”ཞེས་ཚེ་རིང་དབང་ཕྱུག་གིས་བཤད།

    “སྤྱིར་ན་ཁང་ཁྱིམ་ནི་དེ་སྔོན་དང་འདྲ་བར་ཁང་མིག་ལྔ་ལས་མེད་ཀྱང་དཀར་ཆ་དང་སྐྱིད་སྣང་དོད”ཅེས་ཚེ་རིང་དབང་ཕྱུག་བློ་ཡིད་ཚིམ་ཤོས་ནི་བདེ་སྡོད་ཁང་པར་ཤེལ་ཁང་ཡོད་པས་རེད།

    ཚེ་རིང་དབང་ཕྱུག་གིས་བརྗོད་པའི་ཤེལ་ཁང་ཟེར་བ་ནི་ཁང་ཀླད་དུ་ཤེལ་སྒོ་ཡོད་པའི་ཁང་པ་ཡིན་པ་དང་། ཁང་པའི་ནང་དཀར་ཆ་གསལ་ཁར་དགུན་ཁ་ཧ་ཅང་དྲོ་པོ་ཡོད་པ་རེད།

    དཔྱིད་འགོར་གསར་འགོད་པ་ཚེ་རིང་དབང་ཕྱུག་གི་ཁྱིམ་ལ་བསྐྱོད་སྐབས་ཕྱི་རོལ་དུ་ཆར་པ་སིམ་སིམ་འབབ་ནས་གྲང་ཤུར་ཤུར་གྱི་སྣང་བ་སྟེར་ཡང་ཁྱིམ་དུ་སོས་ཀའི་དུས་བཞིན་དྲོ་ཞིང་རྩི་ཤིང་དང་མེ་ཏོག་སྔོ་ཐིང་ངེར་སྐྱེས་འདུག ཚེ་རིང་དབང་ཕྱུག་གིས། མེ་ཏོག་ནི་བུ་མོས་བཏབ་པ་རེད། བུ་མོ་སྔ་ས་ནས་ཚེ་ལས་འདས་ཟིན་ནའང་མེ་ཏོག་སོས་པ་འདི་དག་མཐོང་སྐབས་རང་གི་སྙིང་དང་འདྲ་བའི་བུ་མོ་མཐོང་བ་ལྟ་བུའི་སྣང་བ་ཡོང་གི་འདུག ཁོམ་དུས་མེ་ཏོག་ལ་ཆུ་རྒྱག་པ་དང་ལུད་རྒྱག་གི་ཡོད་ཅེས་བརྗོད་བྱུང་།

    “ད་ལྟའི་འཚོ་བ་ཡག་པོ་ཞེ་དྲག་འདུག ཞིང་པར‘འབྲུ་རིགས་ཀྱི་ཁ་གསབ’ཡོད་པ་དང་། འབྲོག་པར‘ཐང་གི་ཁ་གསབ’ཡོད། དེས་མ་ཚད་ད་དུང་ཚེ་རིང་བའི་རྒན་རྒོན་ལ་ཁ་གསབ་དང‘རྒན་གྲས་གསུམ’གྱི་ཁ་གསབ་དངུལ་སོགས་སྣ་ཚོགས་ཡོད”ཚེ་རིང་དབང་ཕྱུག་གིས་ཞིབ་རྩིས་ཤིག་བརྒྱབ་པར་ལོ་ལྟར་རང་ཉིད་ལའང་ཁ་གསབ་སྣ་ཚོགས་ཁྱོན་སྒོར་2223རག་གི་ཡོད་པས་བློ་ཡིད་འཚིམ་པོ་བྱེད་བཞིན་ཡོད། ཁོང་གིས“སྔོན་དུས་བུ་ལོན་འཇལ་ཚར་རྒྱུ་མེད། ད་ཆ་ན་ཚོད་རྒས་ཀྱང་ཁ་གསབ་མང་པོ་འདི་འདྲ་ལེན་རྒྱུ་འདུག ཁྱེད་ཀྱིས་བྱས་ན་ང་ཚོའི་འཚོ་བ་ཡག་པོ་མི་འདུག་གམ”ཞེས་བརྗོད་བྱུང་།

    ལོ་ན་མཐོ་ཡང་ཚེ་རིང་དབང་ཕྱུག་གིས། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྗེས་རྟག་པར་མང་ཚོགས་ལ་ད་ཆའི་བདེ་སྐྱིད་འཚོ་བ་འཐོབ་སླ་པོ་མིན་པར་བརྟེན་ཚང་མས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱ་རྒྱུའི་སློབ་གསོ་རྒྱག་གི་ཡོད་པ་རེད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།