[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རང་ཉིད་རྨེག་མེད་བསྲེགས། འོད་སྣང་གཞན་ལ་སྦྱིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-21

    ཟླ་6པའི་ཟླ་མཇུག་ཏུ་ས་བབ་མཐོ་ཚད་སྨི་4500ལྷག་ཙམ་ཡོད་པའི་ཆུ་མདོ་རྒྱང་རྩྭ་ཐང་མ་གཞི་སྔོ་ཐིང་ངེར་གྱུར་མོད། འོན་ཀྱང་མི་སེམས་གཟན་པའི་གྲང་རླུང་སྔར་བཞིན་འུར་འུར་དུ་ལྡང་བཞིན་མཆིས།

    བསོད་ནམས་རྡོ་རྗེས་རྣམ་ཀུན་ལྟར་ཞོགས་སྔ་པོ་ནས་མལ་ལས་ལངས་ཏེ་གྱོན་གོས་མཐུག་པོ་གྱོན་པ་དང་། སྦག་སྦག་བཞོན་ནས་སྤྱི་ལེ་44ཡི་སར་ཡོད་པའི་རྫོང་ཞོལ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་སུ་བསྐྱོད་ནས་ཉིན་གཅིག་གི་སློབ་ཁྲིད་ལས་ལ་གཞོལ་འགོ་ཚུགས།

    ཡངས་ཤིང་རྒྱ་ཆེ་བའི་ཆུ་མདོ་རྒྱང་རྩྭ་ཐང་ཐོག་རྫོང་ཞོལ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ནི་རེ་བའི་འོད་སྣང་གིས་ཕྱུག་པའི་རྒྱན་ཆ་ལྟ་བུར་གྱུར་ཞིང་། བསོད་ནམས་རྡོ་རྗེ་ནི་འོད་སྣང་དེའི“སྲུང་སྐྱོང་པ”ཞིག་རེད། ལོ་24ཉིན་གཅིག་ལ་དཔེ་བླངས་པ་ལྟར་ས་བབ་མཐོ་བའི་ཞིང་འབྲོག་ཁུལ་གྱི་སློབ་ཁྲིད་ས་ཚིགས་བརྟན་སྲུང་བྱས་པ་དང་། ཁོང་གིས་སྒྲོན་མེ་ཞིག་དང་འདྲ་བར་རང་ཉིད་རྨེག་མེད་དུ་བསྲེགས་ནས་འོད་སྣང་གཞན་ལ་སྦྱིན་ཞིང་། མ་གཞི་དཀའ་ཚེགས་ཆེ་རུང་གནས་དེ་བསྲུང་རྒྱུ་མཐའ་འཁྱོངས་བྱས།

    “ཚབ་ཁྲིད་དགེ་རྒན་ཞིག་བྱེད་པའི་ཐོག་མའི་འདུན་པ་ནི་ཁྱིམ་ཚང་སྐྱོང་ཆེད་ཡིན”

    འདི་ལོ་ལོ་52ལ་སླེབས་པའི་བསོད་ནམས་རྡོ་རྗེ་ནི་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་ཤག་ལྷོ་གྲོང་ཚོའི་གྲོང་མི་ཞིག་རེད། 1989ལོ་ནས་བཟུང་ཁོང་གིས་ཆུ་མདོ་རྒྱང་རྩྭ་ཐང་དུ་ཚབ་ཁྲིད་དགེ་རྒན་བྱས་ཤིང་། དེའི་བར་མ་གཞི་ལོ་6ཕྱིར་ལས་མི་བྱེད་པར་བསྐྱོད་ནས་སློབ་ཁྲིད་བྱས་མེད་མོད། འོན་ཀྱང་ཁོང་གིས་གྲོང་ཚོའི་ཕྲུ་གུ་ཚོ་བློས་མ་ཐོངས་པར་སླར་ཡང་སློབ་ཁྲིད་ས་ཚིགས་སུ་ལོག་འོང་།

    1989ལོར་སློབ་འབྲིང་ཐོན་སྐབས་རང་ཉིད་ཀྱི་ཨ་མ་ཚེ་ལས་འདས་པས་བསོད་ནམས་རྡོ་རྗེ་མི་ཚེའི་ཁ་ལོ་བསྒྱུར་མཚམས་སུ་གནས།

    “དེ་དུས་ཆུ་གསུམ་རྫོང་དུ་གྲོང་གསེབ་ཀྱི་ཚབ་ཁྲིད་དགེ་རྒན་བསྡུ་བ་དང་སྐབས་ཏག་ཏག་འཁེལ་བས། གལ་སྲིད་རྒྱུགས་འཕྲོད་ན་ལས་ཀ་ཞིག་ཀྱང་རག་གི་རེད་སྙམ་ནས་ཚོད་ལྟ་ཞིག་ལྟ་འདོད་བྱུང་། དེ་དུས་ལས་ཀ་ཞིག་བཙལ་ནས་ཁྱིམ་ཚང་སྐྱོང་བསམས་པ་ལས་དགེ་རྒན་ཞིག་བྱེད་པའི་འདུན་པ་དེ་ཙམ་ཆེན་པོ་མེད། གང་ལགས་ཤེ་ན་ང་རང་སློབ་རྒྱུས་དམའ་བས་ཡིག་རྒྱུགས་མི་འཕྲོད་པར་དོགས་བྱུང”ཞེས་བསོད་ནམས་རྡོ་རྗེས་བརྗོད།

    “རྒྱུགས་འཕྲོད་པ་མ་ཟད་ལས་ཀ་དེ་ཏག་ཏག་ལོ་24བྱས་པ་ནི་ཚང་མའི་བསམ་ཡུལ་ལས་འདས”

    གྲོང་གསེབ་ཀྱི་ཚབ་ཁྲིད་དགེ་རྒན་ལ་སྒྲིག་ཁོངས་དངོས་སུ་མེད་པས་ལས་ཀ་འདྲ་འདྲ་བྱས་རུང་གླ་ཕོགས་ལ་ཁྱད་པར་ཡོད། དེའི་སྡུག་བསྔལ་ནི་བསོད་ནམས་རྡོ་རྗེས་མ་གཏོགས་ཤེས་མཁན་མེད།

    “ཐོག་མར་ཟླ་རེར་གླ་ཕོགས་སྒོར་60ལས་མེད། སློབ་ཁྲིད་ས་ཚིགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཞིང་། ཁང་པ་ནི་ཆར་རླུང་འགོག་མི་ཐུབ་པའི་ས་ཕག་ཁང་པ་ཡིན་ལ་སྒྲོག་རྩེ་དང་རྐུབ་སྟེགས་ཚང་མ་ཆག་ལ་ཁད་ཡིན་པ་དང་ཐ་ན་སློབ་ཁྲིད་ཡོ་ཆས་ཀྱང་སོ་སོས་བཟོ་དགོས་ཀྱི་ཡོད། ཉིན་མཚན་དབྱེར་མེད་དུ་གྲོང་ཚོ་བསྲུངས་ནས་སྡོད་དགོས་པས་ཉི་མ་ལོ་ལས་རིང་བའི་སྣང་བ་ཞིག་གིས་ཧ་ཅང་ཡུལ་པོ་དང་འཁྱོལ་ཁག་པོ་འདུག”

    ན་སོ་གཞོན་པའི་བསོད་ནམས་རྡོ་རྗེས་དེ་སྔོན་ལས་དགོངས་ཞུ་གྲབས་ཐེངས་མང་བྱས་རུང་། གྲུང་ལ་གཅེས་པར་འོས་པའི་ཕྲུ་གུ་ཚོ་མཐོང་སྐབས་བསམ་ཚུལ་དེ་སླར་ཡང་མེད་པར་གྱུར། “ཕྲུ་གུ་ཚོས་རྟག་ཏུ་ང་རང་ལ‘རྒན་ལགས’ཞེས་འབོད་སྐབས་མངོན་མེད་ཀྱི་སྟོབས་ཤུགས་ཤིག་གིས་ང་རང་མུ་མཐུད་འདི་གར་སྡོད་པའི་སེམས་ཤུགས་ཤིག་སླེབས་ཀྱི་འདུག”ཅེས་བསོད་ནམས་རྡོ་རྗེས་བརྗོད།

    1989ལོ་ནས་2007ལོ་བར་ཁྱོན་ལོ་18རིང་བསོད་ནམས་རྡོ་རྗེས་ཆུ་མདོ་རྒྱང་ཤང་རྒྱང་ཐང་གྲོང་ཚོ་དང་། རྨ་རོ་གྲོང་ཚོ། རྫོང་ཞོལ་གྲོང་ཚོ་སོགས་གྲོང་གསེབ་ཀྱི་སློབ་ཁྲིད་ས་ཚིགས་མང་པོ་ཞིག་ཏུ་བསྐྱོད་དེ་ལང་ཚོའི་གཟི་བྱིན་འབྲོག་ཁུལ་གྱི་ཕྲུ་གུ་ཚོའི་ལུས་ཐོག་ཏུ་འཕྲོ་བར་བྱས་ཡོད། ཁོང་རང་ཉིད་ཀྱང་ལོ་ཆུང་ཕོ་གཞོན་ཞིག་ནས་ཕྲུ་གུ་གསུམ་གྱི་ཕ་རྒན་ལ་གྱུར།

    “འཆད་སྟེགས་ནི་ངའི་མི་ཚེ་གཅིག་རིང་བརྟན་སྲུང་བྱ་ཡུལ་དེ་ཡིན”

    ཁྱིམ་བདག་ཚོའི་ཡིད་ཆེས་དང་ཕྲུ་གུ་ཚོའི་འཛུམ་མདངས་ནི་བསོད་ནམས་རྡོ་རྗེས་ལས་གནས་བརྟན་སྲུང་བྱེད་པའི་སྒུལ་ཤུགས་ཆེ་ཤོས་དེ་རེད།

    འོན་ཏེ་རང་ཉིད་ཀྱི་འཚར་ལོངས་ཡོང་བཞིན་པའི་བུ་ཕྲུག་དང་ལུས་ཟུང་ཉིན་བཞིན་ཟད་པའི་བཟའ་ཟླ་མཐོང་སྐབས། བསོད་ནམས་རྡོ་རྗེའི་ཕྲག་ཐོག་གི་འགན་འཁྲི་ཡང་ལྕི་རུ་སོང་ལ་མུ་མཐུད་སློབ་ཁྲིད་ས་ཚིགས་སུ་སྡོད་པའི་གནོན་ཤུགས་ཀྱང་ཇེ་ཆེར་སོང་ཡོད།

    “ཁྱིམ་ནས་སློབ་ཁྲིད་ས་ཚིགས་བར་རྒྱང་ཐག་རིང་པོ་ཆོད་ལ་ལམ་ཡང་བདེ་པོ་མེད་པས། གཟའ་འཁོར་གཉིས་རེ་ཁྱིམ་ལ་ཐེངས་གཅིག་ལོག་པ་མ་གཏོགས་རྣམ་ཀུན་སློབ་ཁྲིད་ས་ཚིགས་སུ་སྡོད་རྒྱུ་ལས་མ་འདས། དེར་བརྟེན་ཁྱིམ་ཚང་གི་འགན་ཚང་མ་བཟའ་ཟླ་གཅིག་པུས་ཁུར་དགོས་ཀྱི་ཡོད། དེས་མ་ཟད་ཡོང་འབབ་མང་པོ་མེད་པས་དཀའ་ངལ་ཆེ་ཤོས་སྐབས་སུ་ཐ་ན་ཕྲུ་གུའི་འཚོ་བའི་འགྲོ་སོང་ཡང་ཁ་ཐང་པོ་འདུག”ཅེས་བསོད་ནམས་རྡོ་རྗེས་རང་ཉིད་ཀྱི་ནང་མི་ཚོར་འགྱོད་གདུང་དྲག་པོ་སྐྱེ་བཞིན་བརྗོད།

    ཡོང་འབབ་ཕྲན་བུ་དེས་ཁྱིམ་ཚང་ཞིག་སྐྱོང་ཐབས་བྲལ་ལ་དེ་བས་ཀྱང་བཟའ་མི་བུ་ཕྲུག་དང་ཡུན་རིང་ས་ཆ་གཉིས་སུ་གྱེས་དགོས་པས་ནང་མིའི་དབར་གྱི་བརྩེ་དུང་ཡང་ཞན་དུ་འགྲོ་བཞིན་འདུག ལོ་ནས་ལོ་བར་དུ་བསོད་ནམས་རྡོ་རྗེས་གྲོང་མི་ཚོའི་ཕྲུ་གུར་སློབ་གསོ་གཏོང་བ་ལས་རང་ཉིད་ཀྱི་བུ་ཕྲུག་ལ་སློབ་གསོ་གཏོང་རྒྱུ་གཏིང་བརྗེད་དུ་སོང་། སོམ་ཉི་ཐེམས་མང་བྱས་པ་ལས་ཁོང་སླར་ཡང་མི་ཚེའི་ཁ་ལོ་བསྒྱུར་མཚམས་གཞན་ཞིག་ཏུ་སླེབས།

    2007ལོར་ཁྱིམ་ཚང་སྐྱོང་ཆེད་བསོད་ནམས་རྡོ་རྗེས་ཚབ་ཁྲིད་དགེ་རྒན་ནས་ལས་དགོངས་ཞུས་ཏེ་གྲོང་མི་དང་མཉམ་དུ་ཕྱིར་གླ་པར་བསྐྱོད།

    2013ལོར་རྫོང་ཞོལ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ཀྱི་དགེ་རྒན་གཅིག་པུ་དེ་ལས་དགོངས་ཞུས་པས་བསོད་ནམས་རྡོ་རྗེ་སླར་ཡང་ལས་གནས་དེར་ལོག།

    ད་རེས་ནང་མི་ཚོའི་རྒྱབ་སྐྱོར་ཐོབ་པ་སྟེ། “ཁྱིམ་དུ་ང་ཡོད། དེ་བས་ད་ཆ་ཕྲུ་གུ་ཚོ་ཆེན་པོ་ཆགས་པས་སེམས་ཁྲལ་བྱེད་དགོས་མེད། རང་འགྲོ་འདོད་ཡོད་ན་རྒྱུག་ཅིག ངེས་པར་དུ་དགེ་རྒན་བཟང་པོ་ཞིག་བྱེད་དགོས”ཞེས་བཟའ་ཟླའི་བསམ་ཤེས་དང་ཁོག་རྒྱ་ཆེ་བའི་སྐད་ཆ་དེ་ཐོས་སྐབས་བསོད་ནམས་རྡོ་རྗེའི་མིག་ཟུང་མཆི་མས་བརླན།

    སླར་ཡང་འཆད་སྟེགས་ཐོག་ལངས་ཏེ་བསོད་ནམས་རྗེས་སེམས་ཐག་གཙང་བཅད་ཀྱིས“ཕྱིན་ཆད་དེ་ནས་གཏན་ནས་ཁ་བྲལ་གྱི་མིན། འཆད་སྟེགས་ནི་ངའི་མི་ཚེ་གཅིག་བརྟན་སྲུང་བྱ་ཡུལ་དེ་ཡིན”ཞེས་བརྗོད།

    “ངེས་པར་དུ་ཕྲུ་གུ་ཚོ་སློབ་གྲྭ་ཡག་པོ་འགྲིམ་ཐུབ་པ་བྱ་རྒྱུ་ཡིན”

    སླར་ཡང་སློབ་ཁྲིད་ས་ཚིགས་སུ་སླེབས་པར་བསོད་ནམས་རྡོ་རྗེས་གཅེས་འཛིན་དང་འབད་འཐབ་ལྡབ་བརྒྱ་བྱེད་བཞིན་ཡོད།

    ཕྱི་དྲོའི་ཞབས་བྲོའི་སློབ་ཚན་ཐོག་ཁག་ཅིག་སླེབས་པ་མཐོང་རྗེས་ཕྲུ་གུ་10པོ་དེ་དག་གིས་གུས་ཞབས་དང་བཅས་ཡར་ལངས་ནས“ཨ་ཁུ་ལགས་དང་ཨ་ཅག་ལགས་སྐུ་ཁམས་བཟང”ཞེས་མཚམས་འདྲི་ཞུས།

    “ཕྲུ་གུ་ཚོ། ང་ཚོས་ཨ་ཁུ་ལགས་དང་ཨ་ཅག་ལགས་ཚོར《ཀུ་ཤུ་ཆུང་ཆུང》ཞེས་པ་འཁྲབ་ན་གང་འདྲ་འདུག”ཅེས་བརྗོད་ཞོར་བསོད་ནམས་རྡོ་རྗེས་སྒྲ་སྒམ་ཁ་ཕྱེ་མ་ཐག་ཕྲུ་གུ་ཚོས་རོལ་དབྱངས་ཀྱི་སྒྲ་དང་མཉམ་དུ་དགའ་ཚོར་ཆེན་པོས་ཞབས་བྲོ་འཁྲབ། ཞབས་བྲོ་དེ་ནི་བསོད་ནམས་རྡོ་རྗེས་རང་རྩོམ་རང་འཁྲབ་བྱས་ནས་ཁོང་ཚོར་བསླབས་པ་ཞིག་རེད།

    རྫོང་ཞོལ་གྲོང་ཚོའི་སློབ་ཁྲིད་ས་ཚིགས་ལ་སྤྱིར་ན་ཕྲུ་གུ་10ཡས་མས་ལས་མེད། ཚབ་ཁྲིད་དགེ་རྒན་བསོད་ནམས་རྡོ་རྗེ་ནི་བུ་བཅོལ་ཁང་གི་དགེ་རྒན་ཡིན་ལ། སློབ་ཆུང་གི་ཡིག་རྨོངས་སེལ་མཁན་དགེ་རྒན་ཡང་ཡིན་པས། ལས་འགན་རེ་རེའི་ཁྲོད་ནས་དེར་འཚམས་པའི་ཐབས་ཤེས་ཤིག་འཚོལ་དགོས་ཀྱི་ཡོད།

    ལོ་བརྒྱད་ལ་སླེབས་པའི་ཡེ་ཤེས་རྡོ་རྗེས“ང་དབྱར་ཁ་རང་བྱུང་སློབ་ཚན་ཉན་རྒྱུར་དགའ་པོ་ཡོད། རྒན་བསོད་ནམས་རྡོ་རྗེ་ལགས་ཀྱིས་ང་ཚོ་རྩྭ་ཐང་ཐོག་འཁྲིད་ནས་རྩྭ་དང་། མེ་ཏོག སྲོག་ཆགས་ཆུང་ཆུང་སོགས་ངོས་འཛིན་བྱེད་དུ་འཇུག་གི་ཡོད་པ་མ་ཟད། ད་དུང་ང་ཚོར་སྒྲུང་ཤོད་ཀྱི་ཡོད་པས་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

    བསོད་ནམས་རྡོ་རྗེས“ཕྲུ་གུ་རྣམས་ཆུང་ཆུང་ཡིན་པས། ངས་གཏིང་ཟབ་པའི་ཤེས་བྱ་མང་པོ་སློབ་ཐབས་བྲལ་རུང་། ངས་ཁོང་ཚོར་སློབ་སྦྱོང་དང་འཚོ་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་པའི་བརྩོན་ལེན་བྱེད་ཀྱི་ཡོད་ལ། ཁོང་ཚོར་འཛམ་གླིང་ལ་མཚར་སྣང་ཞིག་དགོས་པའི་སློབ་གསོ་ཡང་གཏོང་གི་ཡོད”ཅེས་བཤད།

    དེ་འདྲ་ཡིན་པའི་རྐྱེན་གྱིས་བསོད་ནམས་རྡོ་རྗེས་སློབ་ཚན་འཁྲིད་མྱོང་བའི་སློབ་ཕྲུག་རྣམས་ཤང་ཡོངས་ཀྱི་ཆུང་རྒྱུགས་ཁྲོད་རྟག་ཏུ་མདུན་གྲལ་དུ་སླེབས་ཀྱི་ཡོད། ད་ཆ་ཁོང་གིས་སློབ་ཚན་འཁྲིད་མྱོང་བའི་སློབ་མའི་ཁྲོད་ནས་མི་60ལྷག་ཙམ་སློབ་ཆེན་དུ་ཚུད་ཡོད། དེ་ནི་ཁོང་གིས་སྤོབས་པ་ཆེ་ཤོས་བྱེད་འོས་པ་རེད།

    ཁྱིམ་བདག་རྣམས་བློ་བདེ་པོ་ཡོང་ཆེད། བསོད་ནམས་རྡོ་རྗེས་སློབ་གསོ་ཅུས་ནས་སྤྲད་པའི་ཟླ་རེའི་ཁ་གསབ་སྒོར་400ཚང་མ་བཏོན་ཏེ་སློབ་མའི་ཁྱིམ་བདག་རེས་མོས་ཀྱིས་སློབ་གྲྭར་སློབ་མའི་ཁ་ལག་བཟོ་བར་བོས་པ་མ་ཟད། ཉིན་ལྟར་ལྟོ་ཆས་ནས་ཕྲན་ཙམ་བཏོན་ཏེ་ཞིབ་དཔྱད་བྱ་རྒྱུར་འཇོག་གི་ཡོད།

    “དར་འབུ་མ་ཤི་དར་སྣེ་འཆད་མི་འགྱུར། ལཱ་སྒྲོན་མ་ཟད་མཆི་མའི་རྒྱུན་མི་འཆད”ཅེས་པ་ལྟར་ལོ་འཁོར་མོ་ས་བབ་མཐོ་བའི་ས་ཆར་ལས་ཀ་བྱས་པའི་དབང་གིས་བསོད་ནམས་རྡོ་རྗེའི་ཁྲག་ཤེད་མཐོ་རུ་ཕྱིན་ནས་དེ་སྔ་ཐེངས་གཉིས་དྲན་པ་འཐོར་རུང་། ཁོང་གིས་དགོངས་པ་ཉིན་གཅིག་ཀྱང་མ་ཞུས་སློབ་གྲྭར་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་ཀྱི་ཡོད།

    ཁོང་གིས“ཕྲུ་གུ་རྣམས་ལ་སློབ་ཚན་འཁྲིད་རྒྱུ་ནི་དོན་ཆེན་ཞིག་རེད། ངས་ལས་ཀ་བྱེད་ཐུབ་ཕྱིན་རྒྱུན་འཁྱོངས་བྱ་རྒྱུ་ཡིན”ཞེས་བཤད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།