[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • རྫ་ཡུལ་རྫོང་ས་མ་གྲོང་ཚོའི་ཏང་ཡོན་གྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ལམ་བུར་བསྐྱོད་པའི་སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-19

    ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་ས་མ་གྲོང་ཚོར་སྐྱོད་སྐབས་ལམ་གྱི་གཞོགས་གཉིས་དང་། རི་སྟེང་། སྒོ་རའི་རྒྱབ་མདུན་གང་སར་སྨི་1ལྷག་ཙམ་ལས་མཐོ་བའི་སེ་འབྲུའི་སྡོང་པོས་ཁེངས་ཡོད་པ་དང་། བྱུ་རུ་དམར་པོ་ལྟར་བཞད་པའི་སེ་འབྲུའི་མེ་ཏོག་གིས་སྔོ་ལྗང་ས་གཞིར་བརྒྱན་ནས་དྲི་ཞིམ་གང་སར་འཐུལ་བཞིན་མཆིས། 

    གངས་ལྗོངས་ས་མཐོར་སེ་འབྲུ་འདེབས་རྒྱུའི་སྐོར་ཐོས་པ་ནི་ངོ་མཚར་ཆེ་བ་ཞིག་ཡིན་ཞིང་། དེ་གར་བཏབ་པའི་སེ་འབྲུའི་བྲོ་བ་ཞིམ་པོ་ཡོད་དམ། ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་དམ།

    ཆེད་ལས་མི་སྣས་དབྱེ་ཞིབ་བྱས་པ་བརྒྱུད་ས་མ་གྲོང་ཚོར་ལོའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་ཀླད་ཀོར་ཡན་ཟིན་པ་དང་། སད་མེད་ནམ་དུས་རིང་བ། ཉི་འོད་ཕོག་ཡུན་རིང་བ། ཆར་པ་བབས་ཚད་མང་བ། གནམ་གཤིས་ཀྱི་ཁྱད་ཆོས་དང་ས་རྒྱུའི་ཆ་རྐྱེན་ཚང་མ་འཛོམས་པས་སེ་འབྲུ་སྐྱེ་འཚར་ལ་ཧ་ཅང་འཚམ་པོ་ཡོད། དེ་དང་དུས་མཚུངས་ས་མ་གྲོང་ཚོས་ནང་འདྲེན་བྱས་པའི་ཐུ་ནི་སིའི་སེ་འབྲུའི་བྲོ་བ་མངར་བ་དང་། སྤུས་ཀ་དག་པ། སྨིན་སྔ་བ། ཉར་ཚགས་བདེ་བ་བཅས་ཡོད་པས་དེ་ནི་སེ་འབྲུའི་ཁྲོད་ཀྱི་སྤུས་ཀ་དག་ཤོས་དེ་ཡིན། ཁྲོམ་རའི་གོང་ཚད་སྤྱིར་བཏང་གི་སེ་འབྲུ་ལས་ལྡབ་གསུམ་བཞི་ཡིས་མཐོ་བ་ཡོད་པ་དང་མཁོ་མང་སྤྲོད་ཉུང་ཡིན་པས་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་མངོན་གསལ་དོད་པོ་ཡོད་ཅེས་བརྗོད། 

    2017ལོར་ས་མ་གྲོང་ཚོའི་ཏང་ཀྲི་པུས་སེ་འབྲུ་འདེབས་པའི་རྣམ་གྲངས་བརྩོན་ལེན་བྱས་ནས་ཐུ་ནི་སིའི་སེ་འབྲུ་མུའུ་280བཏབ་པར་མ་དངུལ་བསྡོམས་འབོར་སྒོར་ཁྲི་353.9བཏང་ཡོད། 2018ལོའི་ལོ་མཇུག་ཏུ་རྣམ་གྲངས་བསྐྲུན་ཟིན་རྗེས་མང་ཚོགས་ཀྱི་ཕྱུག་འགྱུར་ལམ་བུ་སྔར་བས་རྒྱ་ཆེར་བཏང་ནས་ས་མ་གྲོང་ཚོ་དང་མཐའ་འཁོར་གྱི་གྲོང་ཚོར་ལས་ཞུགས་ལས་གནས་100ཙམ་མཁོ་འདོན་བྱས་ཡོད། འདི་ལོ་སེ་འབྲུའི་སྡོང་པོར་འབྲས་བུ་བཏགས་རྗེས་ཚོད་དཔག་བྱས་ན་མུའུ་རེ་ནས་སེ་འབྲུ་སྤྱི་རྒྱ་500ཐོན་རྒྱུ་ཡིན་པས་ཐོན་རྫས་རིན་ཐང་སྒོར་ཁྲི་140ཟིན་རྒྱུ་རེད།

    ས་མ་གྲོང་ཚོའི་ཏང་ཀྲི་པུས“ཏང་ཀྲི་པུས་སྣེ་འདྲེན་པ་དང་། ཏང་ཡོན་གྱིས་སྣེ་ཁྲིད་པ། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི”བྱ་ཐབས་ལག་ལེན་བསྟར་བ་དང་། ཏང་ཡོན་གྱི་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་དང“ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད”ཀྱི་ཏང་ཀྲི་པུའི་ཐོན་ལས་འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པ། ཏང་ཡོན་གྱི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པར་བརྟེན་པ་བཅས་ཀྱི་སྒོ་ནས་གྲོང་གསེབ་ཀྱི་དངོས་ཚན་དཔལ་འབྱོར་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་ནུས་པ་ཆེར་གཏོང་ལ་སྐུལ་མ་ནུས་ལྡན་བཏང་ཡོད། ཏང་ཀྲི་པུའི་སྣེ་ཁྲིད་འོག་དཀའ་ངལ་ཡོད་པའི་མང་ཚོགས་ལ་འབབ་འཕར་མངོན་གསལ་དོད་པོ་བྱུང་ནས་གྲོང་ཚོ་ཡོངས་དབུལ་ཞྭ་ཕུད་དེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ་བཅས་ཀྱི་མང་ཚོགས་ཀྱི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད་པ་རེད། 

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།