[ English ] [ 中文 ]
0891-6325020
དབུ་ཤོག>དབུ་ཤོག་ལེ་ཚན།>གལ་ཆེའི་གསར་འགྱུར།
  • ལྷོ་བྲག་རྫོང་རྫ་ར་ཤང་གནས་གྲོང་ཚོའི“བུད་མེད་སྒྲོག་འགྲེལ་ཚོགས་པའི”སྐོར་བཀོད་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |    རྩོམ་པ་པོ།      |    སྤེལ་དུས།   2019-07-18

    ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་རྫ་ར་ཤང་གནས་གྲོང་ཚོ་ནི་དཔེ་མཚོན་གྱི་ས་བབ་མཐོ་ལ་ས་མ་འབྲོག་གི་མཐའ་མཚམས་གྲོང་ཚོ་ཞིག་ཡིན་ཞིང་། ལོ་གཅིག་དུས་བཞིར་གྲོང་ཚོའི་མི་200ལྷག་ཙམ་ཕྱིར་གླ་པ་རྒྱུག་པར་བསྐྱོད་པ་དང་། དེའི་ནང་གི་90%ནི་སྐྱེས་པ་རེད། རྒན་རྒོན་དང་། ཕྲུ་གུ བུད་མེད་བཅས་ནི་གྲོང་ཚོའི་རྒྱུན་སྡོད་མི་འབོར་རེད། གྲོང་ཚོའི་ནང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཇི་ལྟར་སྤེལ་བ་དང་གྲོང་སྡོད་ལས་འགན་ཇི་ལྟར་སྒྲུབ་དགོས་པ་ནི་རྫ་ར་ཤང་གནས་གྲོང་ཚོའི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་པ་སངས་ལྷ་མོར་མིག་སྔར་འཕྲད་པའི་གནད་དོན་ཆེ་ཤོས་ཤིག་རེད།

    2018ལོའི་ཟླ་12ཚེས་25ཉིན། པ་སངས་ལྷ་མོ་དང་ཁོང་གི་ལས་རོགས་གནས་གྲོང་ཚོར་བསྐྱོད་ནས་གྲོང་སྡོད་ལས་དོན་སྤེལ་འགོ་ཚུགས་པ་རེད། གྲོང་ཚོར་འབྱོར་མ་ཐག་ལམ་སེང“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”སྒྲོག་འགྲེལ་ཐེངས་ཁ་ཤས་བྱས་པ་དང་། སྒྲོག་འགྲེལ་ཉན་མཁན་རྒན་རྒོན་ཉུང་ཤས་ཡོད་པ་ཕུད། མང་ཆེ་བ་བུད་མེད་རེད། པ་སངས་ལྷ་མོ་དང་རུ་མི་ཚོས་སྣང་ཚུལ་དེ་མིག་གིས་མཐོང་བ་དང་སྦྲགས་བློ་ལ་ངེས་པ་དང་ཆབས་ཅིག“སྒྲོལ་འགྲེལ་ལས་དོན་སྤེལ་བར་ང་ཚོ་བུད་མེད་ཚོས་སྟོབས་ཤུཌ་འདོན་སྤེལ་བྱེད་དགོས་པའི”བསམ་ཚུལ་བྱུང་བ་རེད།

    2019ལོའི་ཟླ་4ཚེས་16ཉིན། གནས་གྲོང་ཚོའི“བུད་མེད་སྒྲོག་འགྲེལ་ཚོགས་པ”དངོས་སུ་བཙུགས་ཤིང་། པ་སངས་ལྷ་མོས་ཚོགས་གཙོའི་འགན་ཁུར་བ་དང་། གྲོང་ཚོའི་ལས་བྱེད་པ་དང་གྲོང་ཚོའི་བུ་བཅོལ་ཁང་གི་དགེ་རྒན་སོགས་ཀྱིས་རྐང་འཛིན་སྒྲོག་འགྲེལ་པའི་འགན་ཁུར་ཞིང་། གྲོང་ཚོ་དེའི་དུད་སྦྲེལ་ཚན་པ་23གྱིས་བུད་མེད་23ཚོགས་མིར་བདམས་ནས་ཁྱོན་ཁོངས་མི་29ཡོད་པའི་བུད་མེད་སྒྲོག་འགྲེལ་ཚོགས་པ་བཙུགས། དེ་ནས་བཟུང་། “བུད་མེད་སྒྲོག་འགྲེལ་ཚོགས་པ”དེ་གནས་གྲོང་ཚོའི“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་གྱི་རྐང་འཛིན་སྟོབས་ཤུགས་སུ་གྱུར་པ་རེད།

    “བུད་མེད་ཀྱི་སྟོབས་ཤུགས་ཆེན་པོ་འདི་འདྲ་ཡོད་པ་བསམ་ཡུལ་ལས་འདས་སོང་། ‘བུད་མེད་སྒྲོག་འགྲེལ་ཚོགས་པ’བཙུགས་པ་ནས་བཟུང་། ང་ཚོའི་གྲོང་ཚོའི‘སྣང་ཆེན་བཞི་དང་དགའ་ཞེན་བཞིའི’བྱེད་སྒོར་སྟོབས་ཤུགས་དང་སྐྱེ་སྟོབས་འཕེལ་སོང་། བྱེད་སྒོ་ཡག་པོ་སྤེལ་བ་ཙམ་མ་ཟད། ད་དུང་གྲོང་ཚོའི་ཀུན་སྤྱོད་ཤེས་དཔལ་དང་། ཁོར་ཡུག་འཕྲོད་བསྟེན། བུ་ཕྲུག་སློབ་གསོ་བཅས་ཀྱི་ཐད་ལ་ཡང་ཡར་རྒྱས་ཆེན་པོ་ཕྱིན་སོང”ཞེས་གནས་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཕུན་ཚོགས་རྡོ་རྗེས་བསྔགས་བརྗོད་བྱེད་བཞིན་བརྗོད།

    སྒྲོག་འགྲེལ་ཚོགས་པའི་ཁོངས་མི་མིག་དམར་འོད་ཟེར་གྱིས“བུད་མེད་ཀྱིས་གནམ་ཕྱེད་ཀ་འདེགས་ཐུབ། སྐྱེས་པ་ཚོ་ཕྱིར་ཡོང་འབབ་གསོག་པར་བསྐྱོད་པས་ང་ཚོ་བུད་མེད་ནི་གྲོང་ཚོའི་ནང་ལས་ཀ་བྱེད་མཁན་གཙོ་བོ་ཡིན། ད་ལྟ་ད་དུང་གྲོང་ཚོའི་ནང་གི་བུད་མེད་མང་པོ‘བུད་མེད་སྒྲོག་འགྲེལ་ཚོགས་པའི’ནང་ཞུགས་འདོད་བྱེད་ཀྱི་འདུག”ཅེས་བརྗོད་པ་དང་། ཁོང་གིས་བུད་མེད་སྐུལ་སློང་དང་སྒྲིག་འཛུགས་བྱས་ཏེ་བུད་མེད་རྣམས་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཞུགས་མཁན་གལ་ཆེན་ཞིག་ཏུ་འགྱུར་བར་བྱས་ཚེ། “སྣང་ཆེན་བཞི་དང་དགའ་ཞེན་བཞི”གཞི་ནས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁྲོད་མཉམ་འདྲེས་གཏིང་ཟབ་ཐུབ་ནས་ཕོ་མོ་རྒན་གཞོན་ཚོས་རྒྱུན་གཏན་ལག་ལེན་བསྟར་བའི་བསམ་བློའི་འདུ་ཤེས་དང་བྱ་སྤྱོད་ཀྱི་ཚད་གཞིར་འགྱུར་ཐུབ་ཅེས་སྤོབས་སེམས་ཆེན་པོས་བརྗོད།

    “བུད་མེད་སྒྲོག་འགྲེལ་ཚོགས་པ”བཙུགས་རྗེས། “སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་ཇི་ལྟར་བྱེད་དགོས་པ་ནི་པ་སངས་ལྷ་མོ་དང་རུ་མི་ཚོས་བསམ་གཞིག་བྱེད་པའི་གནད་དོན་ཆེན་པོ་གཉིས་པ་དེ་ཡིན་ཞིང་། པ་སངས་ལྷ་མོས“དེ་སྔ་སྒྲོག་འགྲེལ་བྱེད་སྐབས། རྟག་ཏུ་ནང་དོན་མང་བ་དང་དུས་ཚོད་རིང་བས་མང་ཚོགས་ཀྱིས་ཉན་འདོད་དེ་ཙམ་བྱེད་ཀྱི་མི་འདུག”དེར་བརྟེན། གནས་གྲོང་ཚོའི“བུད་མེད་སྒྲོག་འགྲེལ་ཚོགས་པས”“སྐར་མ་30ཡི་ནང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་བྱེད་ཐབས”བཏོན་ཏེ་དུས་ཚོད་དང་། ས་ཆ། མི་སྣ་བཅས་ཀྱི་ཚོད་འཛིན་མི་ཐེབས་པར“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་སྒྲོག་འགྲེལ་ཐེངས་མང་བྱས་ཡོད”ཅེས་བརྗོད།

    ཁྱིམ་ཚང་དང་། ཇ་ཁང་། ཞིང་ཁ། འབྲོག་ར་བཅས་གང་རུང་དུ།“བུད་མེད་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་ཡོད་ཚེ། དེ་གར“སྣང་ཆེན་བཞི་དང་དགའ་ཞེན་བཞི”སྒྲོག་འགྲེལ་བྱེད་པ་དང་། དུས་ཚོད་ཐུང་ཤོས་སྐར་མ་5དང་རིང་ཤོས་སྐར་མ་30ལྷག་ཙམ་རེད།

    “སྒྲོག་འགྲེལ་བྱས་པ་བརྒྱུད། ངས་སྲིད་ཇུས་མང་པོ་ཤེས་བྱུང་། ལྷག་པར་དུ་སྣོད་བཅུད་ལས་གནས་དང་སློབ་ཆེན་སློབ་མའི་རོགས་དངུལ་སྲིད་ཇུས་ཀྱི་ནང་དོན་ཤེས་བྱུང་བས་ང་ལ་ཕན་ཐོགས་ཆེན་པོ་འདུག”ཅེས་སློབ་ཆེན་སློབ་མ་ཉི་མས་གསར་འགོད་པར་བཤད་བྱུང་།

    “བུད་མེད་སྒྲོག་འགྲེལ་ཚོགས་པའི”ཁོངས་མི་ཚང་མ“སྲིད་ཇུས་ཤེས་མཁན”ཤ་སྟག་རེད། ལོ་ན་མཐོ་བའི་རྒན་རྒོན་གྱིས་ཡི་གེ་མི་ཤེས་པ་དང་སྲིད་ཇུས་ཧ་མི་གོ་བས་དོན་དག་མང་པོ་འཕྱུག་གི་ཡོད། ད་ལྟ་བུད་མེད་ཚོས་ངང་རྒྱུད་རིང་པོས་རྒན་རྒོན་ལ་རོགས་རམ་བྱས་ཏེ་དངུལ་ཁང་ནས་དངུལ་གང་འདྲ་བྱས་ཏེ་ལེན་དགོས་པ་དང་། འགྲོ་སོང་རྩིས་ཞུ་དང་ཁ་གསབ་ལེན་སྐབས་འགྲོ་ལུགས་ག་རེ་གཉེར་དགོས་པ་སོགས་སློབ་ཀྱི་ཡོད། ད་ཆ་ང་ཚོར་གནད་དོན་འཕྲད་སྐབས་སོ་སོས་ཐག་གཅོད་ཐུབ་ཀྱི་འདུག་ལ། ནང་མིར་གནད་དོན་འཕྲད་སྐབས་ཀྱང་ཐབས་ཇུས་འདོན་རོགས་ཐུབ་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་འདུག”ཅེས་རྒན་རྒོན་ཚུལ་ཁྲིམས་ཀྱིས་སེམས་འགུལ་ཆེན་པོས་བརྗོད།

    “བུད་མེད་ཀྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པར”ང་ཚོ་ཧང་སངས་ཤིང་། གངས་ལྗོངས་ས་མཐོར་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ཇི་བཞིན་ཁོང་ཚོས་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུར་བརྟེན་ནས་གནས་གྲོང་ཚོའི་ཡུལ་མིའི་འཚོ་བར་འགྱུར་ལྡོག་གཏོང་བཞིན་ཡོད།

    --    --

    འགན་འཁུར་རྩོམ་སྒྲིག་པ། ཚེ་རྡོར།